འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་དར་མའི་མཐོ་རྒྱུགས་ཟླ་10ཚེས་29ཉིན་ལེན་འགོ་རྩོམ་རྒྱུ་ཡིན་ཞིང་མཚོ་སྔོན་ཞིང་
    ཆེན་ཡོངས་ཀྱི་རྒྱུགས་ར་353ཚང་མར་བརྙན་ལམ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2016ལོའི་རྒྱལ་ཡོངས་ཀྱི་དར་མའི་མཐོ་སློབ་ཀྱི་སློབ་མ་བསྡུ་རྒྱུའི་གཅིག་གྱུར་གྱི་རྒྱུགས་ལེན་ནི་ཟླ་10ཚེས་29ཉིན་དང་ཚེས་30ཉིན་གཉིས་སུ་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པའི་མི་གྲངས་9567ཡོད་ཅིང་། ན་ནིང་ལས་མི་གྲངས་1175ཉུང་དུ་སོང་བ་རེད། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱུགས་ལེན་ཁུལ་21དང་རྒྱུགས་ལེན་ས་གནས་22། རྒྱུགས་ར་353བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
         ཐེངས་འདི་རྒྱུགས་ལེན་སྐབས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུགས་ལེན་ས་གནས་22ཚང་མར་ཚད་ལྡན་ཅན་གྱི་རྒྱུགས་ར་བཀོད་སྒྲིག་བྱས་ཤིང་། སློབ་གསོ་པུའུ་དང་། ཞིང་ཆེན། རྒྱུགས་ལེན་ས་གནས་ཁག་བཅས་རིམ་པ་གསུམ་གྱི་དྲ་སྦྲེལ་ལྟ་སྐུལ་ཚོད་འཛིན་མངོན་འགྱུར་བྱས་པ་རེད། མཚོ་སྔོན་ཞིང་ཆེན་སློབ་སྡུད་གཞུང་ལས་ཁང་གིས་ད་དུང་ཞིང་ཆེན་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རྒྱུགས་ར་353ལ་བརྙན་ལམ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱས་ཏེ་རིམ་པ་གསུམ་གྱི་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱ་རྒྱུ་རེད། དེ་དང་དུས་མཚུངས་སུ་རྒྱུགས་ཁུལ་ཁག་གི་སློབ་སྡུད་གཞུང་ལས་ཁང་གིས་ཚན་རྩལ་མཐོ་བའི་རྒྱུགས་སྤྲོད་གཡོ་ལས་རྒོལ་བའི་སྒྲིག་ཆས་ཏེ་བརྡ་རྟགས་སྒྲིབ་འགོག་དཔྱད་ཆས་དང་ལྕགས་རིགས་འཚོལ་ཞིབ་དཔྱད་ཆས་བཀོད་སྒྲིག་བྱས་ནས་རྒྱུགས་རའི་“ཞིབ་བསྡུར་བཞི་”ལག་བསྟར་ནན་པོ་བྱས་ཏེ་ཐོབ་ཐང་ལག་ཁྱེར་རྫུན་མ་འཛིན་མཁན་དང་རྒྱུགས་སྤྲོད་ཁྲོལ་ཡིག་རྫུན་མ་འཛིན་མཁན་རྒྱུགས་ལེན་ལ་ཞུགས་པའི་རྒྱུགས་སྤྲོད་སློབ་མ་རྩད་ཞིབ་བྱས་ཐོག་མི་ཡིས་བཀག་འགོག་དང་ཚན་རྩལ་ཐོག་ནས་བཀག་འགོག་གཉིས་ཀ་བྱས་ཏེ་རྒྱུགས་སྤྲོད་ཚབ་ཞུགས་དང་གཡོ་ལས་བྱེད་ཚུལ་ལ་འགོག་ཟོན་བྱས་ནས་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་གྱི་དབང་གྲགས་རང་བཞིན་དང་དྲང་གཞག་རང་བཞིན་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་རེད།
         རྒྱུགས་སྤྲོད་ཁོར་ཡུག་ཡག་པོ་ཞིག་གསར་སྐྲུན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་སློབ་སྡུད་གཞུང་ལས་ཁང་དང་རྒྱུགས་ཁུལ་ཁག་གིས་ད་དུང་སོ་སོར་ཐེར་འདོན་གོང་ཞུའི་ཁ་པར་སྒྲིག་སྦྱོར་བྱས་པ་མ་ཟད། རྒྱུགས་ལེན་མ་བྱས་གོང་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱས་པ་རེད། རྒྱུགས་ལེན་སྤྱོད་ཚུལ་དང་རྒྱུགས་ལེན་སྒྲིག་ཁྲིམས་དམ་འཛིན་ནན་པོ་བྱས་ཏེ་རྒྱུགས་ཁུལ་ཁག་གིས་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ལེན་ལས་སྒྲུབ་མི་སྣའི་རྒྱུགས་ལེན་ཁྲོད་ཀྱི་སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་ལ་《རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་ཐད་ཀྱི་སྒྲིག་འགལ་བྱས་རིགས་ཐག་གཅོད་བྱ་ཐབས་》དང་འབྲེལ་ཡོད་ཀྱི་དོ་དམ་གཏན་འབེབས་ལ་གཞིགས་ཏེ་ཐག་གཅོད་ནན་མོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། གཡོ་ལས་སྒྲིག་འཛུགས་དང་། རྒྱུགས་ཡིག་ཉོ་འཚོང་། རྒྱུགས་སྤྲོད་ཚབ་ཞུགས་ལ་སོགས་པའི་གཡོ་ལས་བྱས་རིགས་དང་གཡོ་ལས་བྱེད་རོགས་བྱེད་པའི་བྱ་སྤྱོད་དག་ཉེས་གསོག་གི་དོགས་གཞི་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》(དག་བཅོས་འཆར་ཟིན་དགུ་པ་)སོགས་ལ་གཞིགས་ནས་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།