འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོངས་བཤེར་བྱས་འབྲས་ལས་མངོན་པར་བོད་ཀྱི་རྩྭ་རའི་རྒྱ་ཁྱོན་བསྡོམས་འབོར་
    མུའུ་དུང་ཕྱུར་13.23ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཚེས་25ཉིན་བོད་ཀྱི་རྩྭ་ར་ཡོངས་བཤེར་ཐེངས་གཉིས་པ་བྱས་འབྲས་ཡོངས་བསྒྲགས་བྱས་པ་རེད། མིག་སྔར། བོད་ཀྱི་རྩྭ་རའི་རྒྱ་ཁྱོན་བསྡོམས་འབོར་མུའུ་དུང་ཕྱུར་13.23ཟིན་པའི་ནང་བེད་སྤྱོད་རུང་བའི་རྩྭ་ར་རྒྱ་ཁྱོན་མུའུ་དུང་ཕྱུར་11.57ཡོད་པ་དང་། ལོར་ཆ་སྙོམས་རྩྭ་ལྗང་པ་ཏུན་ཁྲི་7790.69སྐྱེ་ཡི་ཡོད་ལ་ལུག་རྩིས་གཞིར་བྱས་ན་ལོ་ཧྲིལ་པོར་ཕྱུགས་རིགས་འཚོ་སྐྱོང་ཐུབ་ཚད་མགོ་གྲངས་ཁྲི་3213.72ཟིན་གྱི་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་སྐོར་ཞིབ་པ་གཞོན་པ་བྱམས་པ་ཆོས་གྲགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ནི་རྒྱལ་ཡོངས་སུ་རང་བྱུང་རྩྭ་རའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་པ་དང་། རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྣེ་ཁ་མང་པོ་ཡོད། དུས་ཡུན་རིང་པོར་བོད་ཀྱིས་དུས་རབས་གོང་མའི་ལོ་རབས་80པར་རྩྭ་རའི་ཐོན་ཁུངས་ཡོངས་བཤེར་ཐེངས་དང་པོ་བྱས་པའི་འབྲས་བུ་དང་དེའི་འབྲེལ་ཡོད་ཀྱི་གཞི་གྲངས་ལ་གཞི་འཛིན་གྱི་ཡོད། ཡིན་ནའང་ལོ་བཅུ་གྲངས་རིང་རྩྭ་རའི་ཐོན་ཁུངས་ཀྱི་རིགས་དང་། ཁྱབ་ཚུལ། ཁྱབ་ཁོངས། རྒྱ་ཁྱོན་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
         བོད་ཀྱི་རྩྭ་རའི་ཐོན་ཁུངས་དང་སྣོད་བཅུད་ཀྱི་གནས་སྟངས་ཤེས་རྟོགས་མི་ལུས་པ་བྱས་ནས་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྲུན། ལུགས་མཐུན་བེད་སྤྱོད་བཅས་སྔར་བས་ཡག་པོ་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་ཆེད། 2011ལོར་བོད་ཀྱིས་ཆེད་དངུལ་སྒོར་ཁྲི་1840བཏང་ནས་ལྗོངས་ཡོངས་ཀྱི་རྩྭ་ར་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་སྒྲུབ་འགོ་བརྩམས་ཡོད། ད་རེས་ཀྱི་རྩྭ་ར་ཡོངས་བཤེར་ལས་དོན་ཐད་རྒྱང་ཚོར་ལག་རྩལ་དང་། ས་གཤིས་ཆ་འཕྲིན་མ་ལག གོ་ལ་ཧྲིལ་པོའི་ངེས་གནས་མ་ལག(3Sལག་རྩལ)བཅས་ལ་བརྟེན་ནས་ཕྱི་རོལ་བརྟག་དཔྱད་དང་། འདྲ་དཔེ་བརྟག་དཔྱད་ཐེངས་གྲངས་2432བྱེད་པ་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་རྩྭ་རའི་རྩ་བའི་གནས་སྟངས་ཀྱི་གཞི་གྲངས་མཛོད་བཙུགས་པ་རེད།
         བོད་ཀྱི་རྩྭ་ར་ཡོངས་བཤེར་ཐེངས་གཉིས་བྱས་འབྲས་ལས། བོད་དུ་རྩྭ་ར་རིགས་ཆེན་པོ་17དང་། རྩྭ་ར་རིགས་ཕལ་པ་7 སྤང་གི་རིགས་104བཅས་ཡོད་ཅིང་། རྩྭ་རའི་རྒྱ་ཁྱོན་བསྡོམས་འབོར་མུའུ་དུང་ཕྱུར་13.23ཟིན་པའི་ནང་བེད་སྤྱོད་རུང་བའི་རྩྭ་ར་མུའུ་དུང་ཕྱུར་11.57ཡོད་པ་རེད། ལོར་ཆ་སྙོམས་རྩྭ་ལྗང་ཏུན་ཁྲི་7790.69སྐྱེ་ཡི་ཡོད་ལ་ལུག་རྩིས་གཞིར་བྱས་ན་ལོ་ཧྲིལ་པོར་ཕྱུགས་རིགས་འཚོ་སྐྱོང་ཐུབ་ཚད་མགོ་གྲངས་ཁྲི་3213.72(ཆ་སྙོམས་བྱས་ན་བེད་སྤྱོད་རུང་བའི་རྩྭ་ར་མུའུ་36གིས་རྩིས་གཞིར་བྱེད་པའི་ལུག་རེ་གསོ་ཐུབ་པ)ཟིན་པ་མངོན་ཡོད་པ་རེད།
         དེ་དང་ཆབས་ཅིག་ད་རེས་ཀྱི་ཡོངས་བཤེར་ནང་བོད་ཀྱི་རྩྭ་ས་ཞན་འགྱུར་བྱེད་ཚད་དང་འགྱུར་ལྡོག་རྣམ་པའང་ཁོང་དུ་ཆུད་ཡོད། འབྲས་བུ་ལས་མངོན་པ་ལྟར་ན། བོད་ཀྱི་རྩྭ་ར་ཞན་འགྱུར་རྒྱ་ཁྱོན་མུའུ་དུང་ཕྱུར་3.53ཟིན་པ་དེས་རྩྭ་ར་རྒྱ་ཁྱོན་སྤྱི་འབོར་གྱི་26.7%ཟིན་ཡོད། དེའི་ནང་ཅུང་ཟད་ཞན་འགྱུར་མུའུ་དུང་ཕྱུར་2.22ཟིན་པ་དེས་རྩྭ་རའི་རྒྱ་ཁྱོན་བསྡོམས་འབོར་གྱི་16.8%ཟིན་ཡོད། ཞན་འགྱུར་འབྲིང་ཙམ་མུའུ་དུང་ཕྱུར་1.02ཟིན་པ་དེས་རྩྭ་ར་རྒྱ་ཁྱོན་བསྡོམས་འབོར་གྱི་7.7%ཟིན་པ་དང་། ཞན་འགྱུར་ཚབས་ཆེན་གྱི་མུའུ་དུང་ཕྱུར་0.29ཟིན་པ་དེས་རྩྭ་ར་རྒྱ་ཁྱོན་བསྡོམས་འབོར་གྱི་2.2%ཟིན་གྱི་ཡོད་པ་རེད།
         བྱམས་པ་ཆོས་གྲགས་ཀྱིས་རྩྭ་ར་ཡོངས་བཤེར་གྱིས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཐད་ནུས་པ་གལ་ཆེན་ཐོན་ངེས་རེད། མིག་སྔར། རྩྭ་ཐང་ཡོངས་བཤེར་བྱས་འབྲས་དེ་འབྲེལ་ཡོད་ཀྱི་འཆར་འགོད་སྒྲིག་བཟོ་དང་རྩྭ་ཐང་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་སོགས་རྩྭ་ར་སྲུང་སྐྱོང་འཛུགས་སྐྲུན་ལས་དོན་ནང་སྤྱོད་འགོ་ཚུགས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།