འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་དུ་འདུན་ཞུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིག་གནས་པུའུ་ལ་སླར་ཡང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་ཕུལ་ཏེ། “བོད་ཀྱི་རིག་གནས་(ལྷ་ས་སྐྱིད་ཆུ་རྒྱུག་ཁུལ)ཀྱི་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ”རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་དུ་སྔ་ཙམ་འདུན་ཞུ་ཐུབ་པའི་བརྩོན་ལེན་བྱས་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་་ཞིང་། ལྷ་ས་སྐྱིད་ཆུ་ནི་མ་ཡུམ་གཙང་པོ་ཡིན་པས། བོད་མི་རིགས་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་སྐྱེད་སྲིང་བྱས་ཡོད། གནས་འདིར་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིག་དངོས་རྗེས་ཤུལ་དུ་མ་ཡོད་པ། ཁྱད་ཆོས་ཟབ་པ། རིན་ཐང་ཧ་ཅང་མཐོ་བས་བོད་ཀྱི་རིག་གནས་ཀྱི་དཔེ་མཚོན་དང་བོད་ཀྱི་རིག་གནས་ཀྱི་ཤེས་རྟོགས་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། བོད་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་དར་སྤེལ་གཏོང་བ། ལྷ་ས་ཙམ་མ་ཟད་ཐ་ན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་ཆེད། 2010ལོའི་ཟླ་བ་དྲུག་པར་བོད་ཀྱིས་ལྷ་ས་སྐྱིད་ཆུ་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་འདུན་ཞུའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་བརྟག་ཞིབ་རྒྱ་ཁྱབ་དང་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་《ལྷ་ས་སྐྱིད་ཆུའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་འཆར་འགོད་རྩ་གནད་》རྩོམ་སྒྲིག་བྱས་པ་དང་འབྲེལ་རྒྱལ་ཁབ་རིག་གནས་པུའུ་རུ་འདུན་ཞུ་བྱས་པ་རེད།
          2014ལོར། རིག་གནས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ས་ཆ་དངོས་སུ་རྟོག་ཞིབ་བྱས་ཤིང་། ས་ཆ་དངོས་སུ་བཅར་འདྲི་དང་། འདུན་ཞུའི་པར་གཞི་ལྟ་བ། སྙན་ཞུ་ཉན་པ་བཅས་བརྒྱུད་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་འདི་ཉིད་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་དུ་འདུན་ཞུ་བྱ་རྒྱུའི་ཆ་རྐྱེན་འཛོམས་པའི་ངོས་འཛིན་བྱས་པ་དང་སྦྲགས་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
         2015ལོ་ནས་ད་བར། འཆར་འགོད་རྩ་གནད་དང་རེ་ཞུའི་པར་གཞིར་བཟོས་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་ཞིང་། རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་སྟེ། སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་བྱས་པའི་ཁར་རིགས་གཅིག་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོ་གཞིར་བཟུང་ལོ་གཅིག་གི་དུས་ཚོད་སྤྱད་དེ་འཆར་འགོད་རྩ་གནད་དང་འདུན་ཞུའི་པར་གཞིར་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བའི་ལས་ཀ་ལེགས་པར་བསྒྲུབས་པ་རེད།
         ཤེས་རྟོགས་བྱུང་གཞིགས་ན། ལོ་རྒྱུས་ཀྱི་ཆ་ནས་བལྟས་ན། ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་རིག་གནས་ཀྱི་གཞི་རྟེན་གཙོ་བོ་འབྲི་གུང་མཐིལ་དགོན་དང་རྭ་སྒྲེང་དགོན་བརྒྱུད་ནས་ལྷ་ས་སྐྱིད་ཆུའི་སྨད་རྒྱུད་ཀྱི་ཆུ་ཤུར་རྫོང་བར་རེད།
         སྲུང་སྐྱོང་ཚོད་ལྟ་ཁུལ་ཁོངས་སུ་སྲིད་འཛིན་ས་ཁོངས་དང་ཁུལ་ཁོངས་ཀྱི་ཁྱད་ཆོས་དང་མངོན་མིན་རིག་གནས་ཤུལ་བཞག་མང་ཉུང་ལ་བལྟོས་ནས། ལྟེ་བའི་ཁུལ་དང། སྤྱི་བཏང་ཁུལ། ཁྱབ་འགྱེད་ཁུལ་བཅས་སུ་ཕྱེ་ཡོད། དེའི་ནང་ལྷ་སའི་གྲོང་ཁུལ་རྙིང་པ་ནི་ལྟེ་བའི་ཁུལ་དང་། སྙེ་མོ་རྫོང་ནི་ཁྱབ་འགྱེད་ཁུལ། དེ་མིན་རྫོང་(ཆུས)དག་སྤྱིར་བཏང་ཁུལ་ཡིན། སྲུང་སྐྱོང་ཚོད་ལྟ་ཁུལ་དུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་15086དང་མི་ཁྲི་50ལྷག་ཙམ་ཡོད། དེའི་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས། སོག་རིགས་སོགས་མི་རིགས་31ཡོད་པའི་ནང་བོད་རིགས་ཀྱིས་87%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།