འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མ་འཇོག་མཉམ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྒུལ་ཤུགས་གསར་པར་གྱུར་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའོ་ལི་ཁུན་དང་ཅིན་ཀྲེང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཐན་ཙན་ནི་ཡའི་མཚོ་འགྲམ་ཞིང་ཆེན་ཅི་པ་ཧོ་རྫོང་མུའུ་ལན་ཏི་ཆི་གྲོང་རྡལ་དུ་ཀྲུང་གོའི་ཧོ་པེ་ནས་སླེབས་པའི་ཝང་ཧྲུའུ་ཧྲེང་ལས་ལ་བྲེལ་བཞིན་ཡོད་པ་ནི། འདི་ལོའི་ཟླ་10པར་དེ་གར་ངར་ལྕགས་བཟོ་གྲྭ་ཞིག་སྐྲུན་འགོ་ཚུགས་པས་རེད།
         ཝང་ཧྲུའུ་ཧྲེང་གིས་སྤྱི་ཁྱབ་ཅིང་ལིའི་འགན་འཁུར་བའི་ཅི་ལུའུ་ཝ་ངར་ལྕགས་ཚོགས་པ་2014ལོའི་ཟླ་1པོར་ཐོ་འགོད་བྱས་པ་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱི་མ་རྐང་གིས་75%དང་ཐན་ཙན་ནི་ཡ་ཕྱོགས་ཀྱི་མ་རྐང་གིས་25%བཟུང་བའི་ངར་ལྕགས་བཟོ་གྲྭ་དེར་རྒྱ་ཁྱོན་མུའུ་300ཡོད་པ་དང་དུས་ཐེངས་དང་པོར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་2ཙམ་བཏང་ནས་ངར་ལྕགས་གཅུས་རིས་མ་དང་། ལྕགས་སྐུད། ངར་ལྕགས་སྡེར་དུང་བཅས་གཙོ་བོ་ཐོན་སྐྱེད་བྱེད་ཀྱི་ཡོད།
         “ཐན་ཙན་ནི་ཡར་ལོར་ལྕགས་རྩིབས་མཁོ་ཚད་ཏུན་ཁྲི་183ཟིན་རུང་། ས་གནས་དེ་གས་ཐོན་སྐྱེད་བྱས་པའི་ལྕགས་རྩིབས་ཀྱི་སྤུས་ཚད་ཀྱིས་ཐོག་བརྩེགས་ཁང་ཆེན་དང་ཟམ་པ་སོགས་འཛུགས་སྐྲུན་ཆེ་གྲས་ཀྱི་རེ་བ་སྐོང་ཐུབ་ཀྱི་མེད་སྟབས། རྒྱལ་ཁབ་དེ་གའི་ལྕགས་རྩིབས་70%ནང་འདྲེན་ལ་བརྟེན་དགོས་ཀྱི་ཡོད” ཀྲུང་གོའི་ངར་ལྕགས་ལས་རིགས་ཀྱི་ལས་ལ་གཞོལ་ནས་ལོ་མང་སོང་བའི་ཁེ་ལས་མཁས་ཅན་དེས་བརྗོད་པའི་སྐད་ཆ་ལས། ཐན་ཙན་ནི་ཡས་ཁོང་གི་ཡིད་དབང་འགུག་ཆེ་ཤོས་ནི་ས་གནས་དེ་གའི་རྒྱ་ཆེ་བའི་ཁྲོམ་རའི་གཏིང་ཤུགས་རེད།
         ཝང་ཧྲུའུ་ཧྲེང་དང་འདྲ་བར་ཀྲུང་གོའི་ཁེ་ལས་མཁས་ཅན་དེ་བས་མང་བའི་མིག་རྒྱང་ཨ་ཧྥེ་རི་ཁར་ཚོང་ལས་ཀྱི་གོ་སྐབས་འཚོལ་བའི་ཐད་ཕྱོགས་ཡོད།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ན་ནིང་ཟླ་12པར་གཉེར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པོའི་དབུ་ཚོགས་གྲོལ་ནས་ལོ་ཕྱེད་ལྷག་ཙམ་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་ལས་ཀྱི་གྲོས་ཆོད་240ལྷག་ཙམ་ལ་མིང་རྟགས་བཀོད་པ་དེ་ཨ་སྒོར་དུང་ཕྱུར་500ལས་བརྒལ་བའི་ཁྲོད་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་ཐད་ཀར་མ་མ་དངུལ་བཏང་བ་དང་ཚོང་ལས་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་460ལྷག་ཙམ་བཏང་ནས་གྲོས་ཆོད་སྤྱི་འབོར་གྱི་91%བཟུང་ཡོད།
         འདི་ལོའི་ཟླ་7པའི་ཟླ་མཇུག་ཏུ་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་མཐུན་སྦྱོར་མི་སྣའི་ཚོགས་འདུར་ཞུགས་སྐབས། རོགས་སྐྱོར་བྱས་པ་དང་བསྡུར་ཚེ། མ་འཇོག་མཉམ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་བཞིན་ཡོད་ཅེས་བརྗོད་ཡོད།
         ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐེབས་རྩའི་སྤྱི་ཁྱབ་ཧྲེ་ཅི་གཡང་གིས་ཨ་ཧྥེ་རི་ཁ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་རིམ་པ་གསར་པ་ཡིན་པ་དང་ཨེ་ཤེ་ཡ་ཤར་ལྷོ་དང་འདྲ་བའི་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་ཡིན་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དང་ལྷག་དོན་དུ་མ་འཇོག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཏིང་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད།
         ཀྲུང་གོ་དང་ཨ་ཧྥེ་ཁའི་འཕེལ་རྒྱས་ཐེབས་རྩའི་གྲངས་གཞི་ལས་མངོན་གསལ། 2014ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་ནས་2020ལོར་སླེབས་སྐབས་ཨ་སྒོར་དུང་ཕྱུར་4000ཙམ་ཟིན་རྒྱུ་རེད། 2014ལོར་ཀྲུང་གོས་ཨ་ཧྥེ་རི་ཁར་ཐད་ཀར་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་ནས་2020ལོར་སླེབས་སྐབས་ཨ་སྒོར་དུང་ཕྱུར་1000ཙམ་ཟིན་རྒྱུ་རེད།
         ཝང་ཧྲུའུ་ཧྲེང་ཁོང་གིས་ཐན་ཙན་ནི་ཡའི་ངར་ལྕགས་བཟོ་གྲྭར་མ་དངུལ་གཏོང་བའི་དུས་ཐེངས་གཉིས་པའི་རྣམ་གྲངས་གྲ་སྒྲིག་བྱེད་བཞིན་ཡོད། དུས་ཐེངས་གཉིས་པའི་རྣམ་གྲངས་དུས་ཐེངས་དང་པོའི་ངར་ལྕགས་བཟོ་གྲྭ་དང་བར་ཐག་སྤྱི་ལེ་19ཡོད། ཝང་ཧྲུའུ་ཧྲེང་གིས“དེ་གར་བཟོ་གྲྭ་སྐྲུན་པར་ས་གནས་དེ་གའི་སྤྱི་ཚོགས་དང་མཉམ་འདྲེས་བྱེད་པའི་ཐད་འགྲན་རྩོད་ཆེན་པོ་འཕྲད་ཀྱི་ཡོད་མོད། འོན་ཀྱང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད། རང་ཉིད་ཀྱིས་འབྱུང་འགྱུར་རྒྱལ་ནང་གི་ཀུང་སིའི་ཐོན་ནུས་ཀྱི་40%འདི་གར་སྒྱུར་རྩིས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།