འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་ཀྱི་རླབས་ཆེའི་རྒྱང་སྐྱོད་སླར་ཡང་གཏོད་དགོས།

    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          —— སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
          དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལོ་བརྒྱད་ཅུའི་གོང་གི་དཀའ་ཚེགས་ཆེ་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་གནང་ནས་དེ་དུས་དཀའ་སྤྱད་ཚད་མེད་ངང་རླབས་ཆེན་རྒྱང་སྐྱོད་བྱས་པར་གདེང་འཇོག་མཐོ་པོ་གནང་ཞིང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ལམ་བུའི་ལེའུ་གསར་པ་རྩོམ་དགོས་པ་དང་། འོད་སྟོང་གསར་པ་འཕྲོ་བར་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོ་མི་རབས་འདིར་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་བཏོན་གནང་ཡོད།
         “དཀའ་བ་དུ་མ་སྤྱད་གྱུར་ན། མི་ཐོབ་འབྲས་བུ་ཅི་ཡང་མེད” ལོ་80གོང་། འཆི་གསོན་དང་ཆགས་འཇིག་ལ་ཐུག་པའི་འགག་རྩའི་དུས་དེར་ཕྱི་དགྲ་བོ་དང་རང་བྱུང་བཙན་འགག་གིས་བཀག་པ་དང་། ནང་ཁ་ཐོར་དུ་འགྲོ་ཉེན་ཆེ་བའི་ཉམས་སད་ཆེན་པོའི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་བཟོ་ཞིང་དམར་དམག་གི་འགོ་ཁྲིད་དེ་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཞུམ་པ་མེད་པའི་དཔའ་བོའི་བློ་སྟོབས་ལ་བརྟེན་ནས། དཀའ་ངལ་ཁྲི་སྟོང་ལས་རྣམ་པར་རྒྱལ་བ་དང་བློས་གཏོང་ཆེན་པོ་བྱས་ཏེ་ལག་ལེན་མི་བསྟར་ཀ་མེད་ཀྱི་འཐབ་ཇུས་དེ་འོད་སྟོང་ཕྱོགས་སུ་བསྐྱོད་པའི་དཔུང་འཇུག་རླབས་ཆེན་ཞིག་ཏུ་བསྒྱུར་བས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་ཕམ་ཉེན་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱང་སྐྱོད་ཡུན་རིང་ལ་གཞི་ཁྱོན་ཆེ་བའི་ཁར་ལམ་ཐག་རིང་བ་དང་ཁོར་ཡུག་གི་གནས་སྟངས་ཞན་ལ་དམག་འཐབ་ཀྱང་ཛ་དྲག་པས། ཀྲུང་གོའི་ལོ་རྒྱུས་ནང་གཉིས་སུ་མེད་པ་ཞིག་ཡིན་ལ། འགྲོ་བ་མིའི་དམག་འཁྲུག་ལོ་རྒྱུས་ནང་དུའང་ཆེས་མཐོང་དཀོན་པ་ཞིག་རེད། དམར་དམག་རྒྱང་སྐྱོད་ཀྱིས་རི་ཆུ་སོགས་ལ་ཇི་མི་སྙམ་པའི་མི་ཡུལ་གྱི་ངོ་མཚར་བཏོད་པ་མ་ཟད། སེམས་ཀྱི་ཀློང་ནས་བརྡོལ་བའི་གནོན་མི་ཐུབ་པའི་སྟོབས་ཤུགས་ཆེན་པོ་དེ་ཡུལ་དུས་ཀྱི་ཁྱད་པར་དང་མི་རིགས་ཀྱི་དབྱེ་བ་ལས་འདས་ནས་འགྲོ་བ་མིའི་རིགས་ཀྱིས་བདེན་དོན་དང་འོད་ཟེར་འཚོལ་བར་བརྩོན་པ་མི་ལྷོད་པའི་ལོ་རྒྱུས་སྙན་ངག་རླབས་ཆེན་ཞིག་ཏུ་གྱུར་ཡོད།
          ད་ཆ་དམར་དམག་རྒྱང་སྐྱོད་ཀྱིས་ལོ་རྒྱུས་ཀྱི་ཤུལ་ལམ་བསྒྲལ་ནས་མི་རྣམས་ཀྱི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་དོན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུངས་པ་བཞིན་ཕུགས་འདུན་དད་སེམས་ཀྱི་རྒྱང་སྐྱོད་རླབས་པོ་ཆེ་ཞིག་དང་། སྙོན་མེད་བདེན་པར་ཞིབ་བཤེར་བྱེད་པའི་རྒྱང་སྐྱོད་རླབས་ཆེན་ཞིག དམངས་ཀྱི་གོ་རྟོགས་སད་པར་བྱེད་པའི་རྒྱང་སྐྱོད་རླབས་པོ་ཆེ་ཞིག རྣམ་པ་གསར་དུ་གཏོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་གསར་པ་ཞིག་བཅས་ཡིན། དམར་དམག་རྒྱང་སྐྱོད་ལས་རླབས་ཆེན་བྱ་གཞག་གང་འདྲ་ཞིག་ལ་ཐོབ་པའི་རྒྱལ་ཁ་མཐར་གཏུགས་ན་ཕུགས་འདུན་གྱི་རྒྱལ་ཁ་དང་དད་སེམས་ཀྱི་རྒྱལ་ཁ་ཞིག་ཡིན་པ་ང་ཚོར་ངེས་ཤེས་གསལ་པོ་བྱུང་། དཀའ་ཚེགས་ཀྱིས་མིའི་གདོས་བཅས་ཕུང་པོ་འཇིག་པར་བྱས་པ་དང་། འཆི་བདག་གིས་མི་སྲོག་འཕྲོག་པར་བྱས་ནའང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་ལ་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ། དམར་དམག་རྒྱང་སྐྱོད་ལས་བདེན་དོན་ནི་ལག་ལེན་ཁྲོད་ནས་ར་སྤྲོད་ཐུབ་པ་དང་ལག་ལེན་ཁོ་ནའི་ཁྲོད་གནས་ཐུབ་པ་ཡིན་པ་ང་ཚོར་ངེས་ཤེས་ཟབ་མོ་བྱུང་། མར་ཁེ་སི་ལེ་ཉིང་རིང་ལུགས་གྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེའི་ཞིབ་ཕྲའི་ལག་ལེན་དང་ཟུང་དུ་སྦྲེལ་ནས། རང་བདག་རང་གཅོད་ངང་ཀྲུང་གོའི་གསར་བརྗེའི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཚེ། གསར་བརྗེའི་བྱ་གཞག་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད། དམར་དམག་རྒྱང་སྐྱོད་ལས་མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ངང་སྲུང་བརྩི་དང་རྒྱབ་སྐྱོར་བྱེད་པ་ནི་བྱ་གཞག་ལེགས་གྲུབ་ཡོང་བའི་འགན་ལེན་ཞིག་ཡིན་པ་ང་ཚོར་ངེས་ཤེས་ཟབ་མོ་བྱུང་། ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུ་མི་དམངས་ཁྲོད་རྩ་བ་བཙུགས་ནས་མེ་ཏོག་བཞད་པར་བྱེད་པ་དང་ངེས་པར་དུ་མི་དམངས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་དང་རྒྱལ་ཁ་ཐོབ་པར་བྱེད་དགོས། དམར་དམག་རྒྱང་སྐྱོད་ལས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་གསོན་ཤུགས་ཀྱིས་ཁེངས་ནས་ཟམ་མི་ཆད་པར་གནད་དོན་འཚོལ་བ་དང་། གསར་སྐྲུན་བྱེད་པ། གསར་གཏོད་བྱེད་པ། མདུན་སྐྱོད་བཅས་བྱས་ཚེ། གཞི་ནས་རྣམ་པ་གསར་པ་ཞིག་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ངེས་ཤེས་གསལ་པོ་བྱུང་།
          ད་ཆ་ཀྲུང་གོ་ཡར་རྒྱས་དང་གོང་འཕེལ་འགྲོ་བ་ནི་རྒྱང་སྐྱོད་ལས་བྱུང་བ་ཞིག་ཡིན། ལོ་རྒྱུས་རྒྱུན་མི་ཆད་པར་མདུན་དུ་སྐྱོད་བཞིན་ཡོད་པས། ཕུགས་བསམ་གྱི་ཕ་རོལ་དུ་སླེབས་པར་ང་ཚོས་གཏན་ལ་ཕབ་པའི་འགྲོ་ལམ་ཐོག་མུ་མཐུད་མདུན་སྐྱོད་བྱས་ཏེ་རྒྱང་སྐྱོད་གསར་པའི་ལམ་བུར་ཟམ་མི་ཆད་པར་བཞུད་དགོས། ཕུགས་འདུན་གྱི་ལམ་བུར་སྐྱོད་པར་ནམ་ཡང་བདེ་བགྲོད་ལམ་བུ་ཞིག་མེད་པས། རྒྱང་སྐྱོད་ལམ་བུ་གསར་པར་ང་ཚོས“གངས་རི”བརྒལ་བ་དང“རྩྭ་ཐང”སྒྲོལ་དགོས་ལ། “ལོའུ་ཧྲན་རི་བོའི་འཕྲང་ལམ”དང“ལ་ཙི་ཉག་ཁ”སོགས་མང་པོ་སྒྲོལ་དགོས། ད་ཆ་ང་ཚོས་སྐབས་དེའི་ལོ་རྒྱུས་ཀྱི་རླབས་ཆེན་རྒྱང་སྐྱོད་བསྐྱར་དྲན་བྱེད་པ་ནི་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་བརྗེད་པ་དང་། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཆེད་དུ་ཡིན་པས་ང་ཚོ་མི་རབས་འདིས་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ཡག་པོ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་མི་དང་དམར་དམག་དཔའ་བོའི་ཚེ་སྲོག་དང་ཁྲག་དྲོན་གྱིས་གྲུབ་པའི་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་ང་ཚོའི་ཁྲག་རྒྱུན་དང་བླ་སྲོག་ནང་བཞུར་བ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཤིག་ཆགས་པར་བྱས་ཚེ། ང་ཚོས་རྒྱང་སྐྱོད་གསར་པའི་ལམ་བུར་དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་རྒྱུན་མི་ཆད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།