མི་དམངས་དྲ་བ།

༄༅།།དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་
པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་
པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན་གྱི་སྔ་དྲོ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ལོ་རྒྱུས་ནི་ཟམ་མི་ཆད་པར་མདུན་སྐྱོད་བྱེད་ཀྱི་ཡོད་པས་ཕུགས་བསམ་འགྲུབ་དགོས་ཚེ་ངེད་ཚོས་གཏན་འཁེལ་བྱས་པའི་འགྲོ་ལམ་ཐོག་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས། མི་རབས་རེར་མི་རབས་རེའི་རྒྱང་སྐྱོད་ལམ་བུ་ཡོད་པ་དང་མི་རབས་ཚང་མས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས། དེ་རིང་ངེད་ཚོ་མི་རབས་དེའི་རྒྱང་སྐྱོད་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དེ་ཡིན། རྒྱང་སྐྱོད་ལ་ནམ་ཡང་མཚམས་འཇོག་མེད། ངེད་ཚོའི་བྱ་གཞག་འཕེལ་རྒྱས་ཇི་འདྲ་སོང་ནའང་འདྲ་ཡང་ན་ངེད་ཚོར་གྲུབ་འབྲས་ཇི་ཙམ་ཐོབ་ཀྱང་ང་ཚོས་རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་མུ་མཐུད་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          མི་དམངས་ཚོགས་ཁང་ཆེ་མོའི་ནང་གི་རྣམ་པ་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད་པ་དང་། ཀྲུའུ་ཞི་སྡིངས་ཆའི་སྟེང་ངོས་སུ“དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་ཡོད་པ་དང་། ཡོལ་བའི་དབུས་ངོས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང“1936-2016”ཞེས་བྲིས་པ་དང་། གཞོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད། ཚོགས་ཁང་ཆེ་མོའི་ཐོག་སོ་གཉིས་པའི་རྒྱང་ལྟའི་སྟེགས་བུར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་དགོས་ཞེས་པའི་སྦྱར་ཡིག་བཀལ་ཡོད།
          སྔ་དྲོའི་ཆུ་ཚོད་10པར་ལི་ཁེ་ཆང་གིས་དྲན་གསོའི་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་མཐོན་པོར་བླངས།
           སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དམག་ཨུད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་དམར་དམག་སྣེ་ཁྲིད་གནང་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་དེ་བཏོད་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ་སོགས་གསར་བརྗེ་བ་རྒན་གྲས་དང་། རྒྱང་སྐྱོད་ཁྲོད་ཁྲག་བཏོན་དམར་འཛིང་དང་ས་ཆ་ཁག་ཏུ་གསར་བརྗེའི་འཐབ་རྩོད་རྒྱུན་འཁྱོངས་བྱེད་མཁན་དམར་དམག་བཀོད་འཐབ་པ། སྐབས་དེ་དུས་དམར་དམག་རྒྱང་སྐྱོད་ལ་རྒྱབ་སྐྱོར་བྱེད་མཁན་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གསར་བརྗེའི་རྟེན་གཞི་ཁག་གི་མི་དམངས། སྐུ་འཚོ་བཞུགས་ཡིན་པའི་དམར་དམག་གི་འཐབ་འཛིང་པ་རྒན་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཚང་མ་ཡར་ལངས་ནས་རྒྱང་སྐྱོད་ལམ་བུ་དང་ས་ཆ་ཁག་གི་གསར་བརྗེའི་འཐབ་རྩོད་ཁྲོད་དཔའ་ངར་ཆེན་པོས་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་པ་ཚོར་ངག་བསྡམས་ནས་མྱ་ངན་ཞུ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
          ཞིས་ཅིན་ཕིང་གིས་1934ལོའི་ཟླ་10ནས་1936ལོའི་ཟླ་10བར་དམར་དམག་དཔུང་ཕྱོགས་སྒར་ཆེན་དང་པོ་དང་། གཉིས་པ། བཞི་པ་བཅས་དང་ཅུན་ཉེར་ལྔ་པས་རླབས་ཆེན་རྒྱང་སྐྱོད་བྱས་ཡོད། རང་རེའི་ཏང་གིས་དམར་དམག་སྣེ་ཁྲིད་དེ་སྤྱིར་བཏང་མིན་པའི་བློ་གྲོས་དང་ཞུམ་པ་མེད་པའི་དཔའ་བོའི་ཉམས་འགྱུར་ལ་བརྟེན་ནས་དཀའ་ཉེན་དུ་མ་ལས་རྣམ་པར་རྒྱལ་བ་དང་བློས་གཏོང་ཆེན་པོ་བྱས་ཏེ་འཛམ་གླིང་ཡོངས་སུ་གཡོ་འགུལ་ཐེབས་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་མཛེས་མདངས་རྣམ་པར་བཀྲ་བའི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་བྱས་ཐོག་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་རྩ་མེད་དུ་གཏོང་རྒྱུའི་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་ངན་ཇུས་རྦད་དེ་ཕམ་པར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གིས་མི་རིགས་ཀྱི་རེ་བ་ཕྲག་སྟེང་དུ་ཁུར་ནས་བྱང་སྐྱོད་རི་འགོག་གི་འཐབ་ཇུས་ཐད་ཀྱི་གནས་སྒྱུར་རྒྱལ་ཁའི་ངང་མངོན་འགྱུར་བྱུང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་དེ་གེགས་བར་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་རླབས་ཆེན་ཁ་ཕྱོགས་འགྱུར་མཚམས་མངོན་འགྱུར་བྱུང་བ། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་འཐབ་རྩོད་བྱེད་པའི་རླབས་ཆེན་དཔུང་སྐྱོད་གསར་པ་འགོ་ཚུགས་པ་བཅས་བྱུང་བ་རེད། གནམ་ས་གཡོ་བའི་གསར་བརྗེའི་བརྗིད་ཆེའི་བྱ་སྤྱོད་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གིས་བརྩམས་པའི་མཛེས་སྡུག་ཉམས་ལྡན་གྱི་ལོ་རྒྱུས་སྙན་ངག་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཉམས་ལྡན་པའི་བྱས་རྗེས་རྡོ་རིང་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོར་མཆོང་སྐྱོད་བྱེད་པ་དང་ལོ་80གོང་གི་དཀའ་སྡུག་དང་འོད་སྟོང་འཕྲོ་བ་དེར་ཕྱིར་མིག་བལྟས་ཚེ་རང་རེའི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་རྒྱང་སྐྱོད་དེར་ཧ་ཅང་རླབས་ཆེན་གྱི་དོན་སྙིང་ལྡན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཐད་ཤུགས་རྐྱེན་ཧ་ཅང་ཟབ་མོ་ལྡན་པ་ང་ཚོས་དེ་བས་ངོས་འཛིན་གཏིང་ཟབ་བྱེད་ཐུབ། རྒྱང་སྐྱོད་ནི་ཕུགས་བསམ་དད་སེམས་ཀྱི་རྒྱང་སྐྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། ཏང་དང་དམར་དམག་གིས་གེགས་བར་སྣ་ཚོགས་འཕྲད་རུང་མུ་མཐུད་དཔའ་ངར་ཆེར་སྐྱེད་དང་། དཀའ་སྡུག་སྣ་ཚོགས་མྱངས་རུང་དེ་བས་ཞུན་བརྡར་ཆོད་པ་ཡོང་དོན་ནི་མཐར་གཏུགས་ནས་བཤད་ན་སེམས་དབུས་ཀྱི་ཕུགས་འདུན་ཆེན་པོ་དང་གསར་བརྗེའི་དད་སེམས་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད་པས་ཡིན་པ་དང་། དེར་མེ་ལྟར་ཚ་བའི་འོད་ཟེར་རབ་ཏུ་འཕྲོ་བ། རྒྱང་སྐྱོད་ནི་བདེན་དོན་ཞིབ་དཔྱད་ཀྱི་རྒྱང་སྐྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། བདེན་དོན་དེ་ལག་ལེན་ཁྲོད་གཞི་ནས་ཞིབ་དཔྱད་ཐུབ་པ་དང་ལག་ལེན་ཁྲོད་གཞི་ནས་གཏན་འཁེལ་ཐུབ། རྒྱང་སྐྱོད་བྱས་པ་བརྒྱུད་ཏང་དང་དམར་དམག་རྣམས་ཉམས་ཞན་དུ་འགྱུར་མེད་པར་དེ་བས་སྟོབས་ཆེར་སོང་དོན་ནི་རང་རེའི་ཏང་ལ་ཀྲུང་གོའི་གསར་བརྗེའི་འགྲོ་ལམ་ཡང་དག་རྙེད་པ་དང་འགྲོ་ལམ་དེར་མཛུབ་ཁྲིད་བྱེད་པའི་ཡང་དག་པའི་རིགས་པའི་གཞུང་ལུགས་རྙེད་པས་རེད། རྒྱང་སྐྱོད་ནི་དམངས་ཚོགས་གོ་རྟོགས་སད་པའི་རྒྱང་སྐྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་སྟོབས་ཤུགས་གང་ལེགས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ངེས་པར་དུ་མི་དམངས་ཁྲོད་རྩ་བ་ཚུགས་ཏེ་ཡལ་ག་རྒྱས་ནས་མི་དམངས་ལ་བརྟེན་ཏེ་དཀའ་ངལ་ཁྱད་བསད་དང་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་གསལ་བཤད་གང་ལེགས་ཐུབ་ཡོད། རྒྱང་སྐྱོད་ནི་རྣམ་པ་གསར་པ་གཏོད་པའི་རྒྱང་སྐྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། འགྲན་སློང་སྣ་ཚོགས་དང་འགྱུར་ལྡོག་སྣ་ཚོགས་ཀྱི་མདུན་དུ་རང་རེའི་ཏང་གིས་ཞུམ་པ་སྤུ་ཙམ་ཡང་མེད་པའི་རླབས་ཆེན་ལག་ལེན་གྱི་སྙིང་སྟོབས་མཚོན་པ་དང་དཀའ་ཚེགས་ཆེ་བའི་ཁྲོད་བསྐྱར་སྐྱེས་ཐུབ་པའི་རླབས་ཆེའི་གསར་གཏོད་སྙིང་སྟོབས་མཚོན་ཐོག་ཁྲག་དྲོན་དང་མེ་ལྕེའི་ཁྲོད་གསར་སྐྱེས་དང་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་གསར་བརྗེའི་འགྲོ་ལམ་ཞིག་བཏོད་ཡོད་ཅེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས“དཀའ་ཚེགས་ཆེན་པོའི་ནང་དུ་ཞུན་བརྡར་བྱས་ནས་གྲུབ་འབྲས་ཐོབ” རྒྱང་སྐྱོད་ནི་དུས་ཡུན་རིང་བ་དང་། གཞི་ཁྱོན་ཆེ་བ། ལམ་ཐག་རིང་བ། ཁོར་ཡུག་ཞན་པ། དམག་འཐབ་ཛ་དྲག་པ་བཅས་ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། འཛམ་གླིང་དམག་འཁྲུག་ལོ་རྒྱུས་དང་ཐ་ན་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་ལའང་ཧ་ཅང་དཀོན་པ་ཞིག་ཡིན། དམར་དམག་གི་དཔོན་དམག་ཚོས་འཛམ་གླིང་དམག་དོན་ལོ་རྒྱུས་ཐོག་རྔམ་བརྗིད་ཆེ་བའི་དམག་འཁྲུག་གི་གསོན་ཉམས་ལྡན་པའི་ཟློས་གར་ཞིག་འཁྲབ་སྟེ་རི་ཀླུང་ཁྱུར་མིད་གཏོང་ཐུབ་པའི་སྙིང་སྟོབས་ཐོག་ནས་མི་ཡུལ་གྱི་ངོ་མཚར་བཏོད་ཡོད་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་བྱ་སྤྱོད་ཡིན་པའི་རྒྱང་སྐྱོད་ཀྱིས་ང་ཚོར་ཆེས་རྩ་ཆེའི་བསམ་པའི་རྒྱུ་ནོར་བཞག་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་དམར་དམག་དཔོན་དམག་ཚོས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་རླབས་ཆེའི་སྙིང་སྟོབས་བཏོད་པ་དེ་རེད།
         མི་ལ་སྙིང་སྟོབས་མེད་ན་གཏད་ས་མེད། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་དར་རྒྱས་མི་ཡོང་ཞེས་པ་ལྟར་སྙིང་སྟོབས་ནི་མི་རིགས་ཤིག་ཡུན་རིང་འཚོ་གནས་ཐུབ་པའི་བླ་སྲོག་ཡིན་པས། སྙིང་སྟོབས་ཐད་མཐོ་ཚད་ངེས་ཅན་ཞིག་སླེབས་ན་མི་རིགས་དེ་གཞི་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་དྲག་པོའི་ཁྲོད་འགྱིང་ངེར་གནས་ནས་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱེད་ཐུབ། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་གྱིན་དང་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ནང་མཉམ་འདྲེས་གཏིང་ཟབ་བྱུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འཚོ་བཅུད་ཕུན་སུམ་ཚོགས་པོ་ཞིག་དང་ཀྲུང་གོ་མི་དམངས་ལ་འགག་སྒྲོལ་དཀའ་སེལ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་སྐུལ་མ་དང་ལྕག་སྐུལ་བྱེད་པའི་བསམ་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་རླབས་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བར་ད་ལྟའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་ནས་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་བརྟན་དུ་བཏང་སྟེ་བླ་ན་མེད་པའི་ཕུགས་བསམ་གྱི་དད་སེམས་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་ལ་རྒྱལ་ཁ་གསར་པ་ཐོབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་སེམས་གཏིང་གི་གནས་བབ་མཐོ་ཤོས་སུ་མི་དམངས་བཞག་སྟེ་ཐམས་ཅད་དམངས་ཀྱི་ཆེད་དང་ཐམས་ཅད་དམངས་ལ་བརྟེན་དགོས་པ་མཐའ་འཁྱོངས་བྱས་ཏེ། མི་དམངས་རྣམས་འཚོ་བ་སྔར་ལས་སྐྱིད་པ་བསྐྱལ་རྒྱུ་ཡོང་བའི་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་། ཁྱོན་ཡོངས་ལ་གཅིག་འདོམས། སྤྱི་ཡོངས་ལ་སྤྱི་འདོམས་བཅས་བྱས་ཏེ་རང་རེའི་སྤྱིའི་ལས་འགན་དང་། སྤྱིའི་བཀོད་པ། སྤྱིའི་དམིགས་ཚད་བཅས་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་འཚམས་པ་དང་། རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་བསྐྲུན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ད་ལྟའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ནི་དུས་སྐབས་གསར་པའི་ཆ་རྐྱེན་འོག་ང་ཚོར་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཏང་དང་མི་དམངས་ཀྱིས་བློས་གཏོང་ཆེན་པོ་དང་རླབས་ཆེའི་འཐབ་རྩོད་བྱས་ཏེ་བྱུང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། ང་ཚོས་མི་རབས་ནས་མི་རབས་བར་རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་བློ་ལ་བརྟན་པོ་ངེས་པ་དང་། རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་སློབ་སྦྱོང་བྱེད་པ། རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་དེ་ཉིད་རང་རེའི་ཏང་དང་། རྒྱལ་ཁབ། མི་དམངས། དམག་དཔུང་། མི་རིགས་བཅས་མུ་མཐུད་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80སོང་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་རྒྱུན་མི་ཆད་པར་བཏང་ནས་ཟིལ་རླབས་དགུང་འཕྱུར་གྱི་རླབས་ཆེན་རྒྱང་སྐྱོད་མང་པོ་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་རླབས་ཆེའི་རྒྱལ་ཁ་མང་པོ་བླངས་ཡོད། ང་ཚོའི་མི་རབས་འདིས་མི་རབས་གོང་མའི་བྱ་གཞག་རྒྱུན་འཛིན་བྱས་ཏེ་མིག་སྔའི་འབད་འཐབ་བྱེད་མུས་ཡིན་ལ། འབྱུང་འགྱུར་གྱི་འགྲོ་ལམ་ཞིག་དེ་བས་ཀྱང་གཏོད་དགོས། འཆར་གཞི་བཀོད་ཟིན་ནས་འབད་འཐབ་བྱེད་དང་བྱེད་མུས་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ཚོར་འབད་འཐབ་ཡར་བརྩོན་གྱི་སྐུལ་ལྕག་བྱས་ཏེ་གསར་བརྗེའི་སྔོན་བྱོན་པས་བསྐྲུན་པའི་རླབས་ཆེའི་བྱ་གཞག་དེ་བས་མདུན་ཕྱོགས་སུ་མུ་མཐུད་སྐུལ་འདེད་བཏང་སྟེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལེའུ་གསར་པ་མུ་མཐུད་རྩོམ་པ་དང་འོད་སྟོང་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
           ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི་《རྒྱལ་སྤྱིའི་གླུ་དབྱངས་》ཁྲོད་མཇུག་འགྲིལ་བ་རེད།

༄༅།།དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་
པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

  
2016-10-19 2016-10-14