འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་གློག་དྲ་སྒྱུར་བཀོད་ལ་བརྟེན་ནས་རི་ཁུལ་དབུལ་པོར་རེ་བ་སྦྱིན་པ།

    —— རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་མཚོ་སྔོན་ཏ་ཐུང་རྫོང་ལ་བཅར་འདྲི་བྱས་པའི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         སྟོན་ཟླ་ར་བའི་ནང་མཚོ་སྔོན་ཏ་ཐུང་ཧུད་རིགས་དང་ཧོར་རིགས་རང་སྐྱོང་རྫོང་གི“མེ་ཏོག་གི་ཞིང་ཁམས་སྤེན་མ་ལུང”མཛེས་ལྗོངས་ཁུལ་དུ་ཧྥ་རན་སེའི་ལུག་མིག་མེ་ཏོག་སོགས་མེ་ཏོག་སྣ་ཁ་30ལྷག་ཙམ་བཞད་ཡོད་པ་རེད།
         རྒྱུན་ཆད་མེད་པའི་ཡུལ་སྐོར་བ་ཚོར་ལྟ་བཞིན་པའི་སྤེན་མ་ལུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ཕེ་ཏུང་གིས་ངོ་གདོང་འཛུམ་གྱིས་ཁེངས་བཞིན“འདི་ལོའི་ཟླ་བདུན་པར་ཚོང་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་2000ཡས་མས་ཡོང་གི་འདུག མིག་སྔར་ཁེ་སྤོགས་སྒོར་ཁྲི་100ལྷག་ཙམ་བྱུང”ཞེས་བཤད་པ་རེད།
         རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཡིན་པའི་ཏ་ཐུང་རྫོང་ལ་2015ལོའི་ལོ་མཇུག་བར་གྲོང་ཚོ་དབུལ་པོ་116གི་མི་འབོར་དབུལ་པོ་31897ཡོད་པའི་ནང་དུ་སྤེན་མ་ལུང་གི་མི་28ཡོད་ཀྱང་འདི་ལོ་ཡུལ་སྐོར་ལ་བརྟེན་ནས་ཚང་མ་དབུལ་སྒྲོལ་ཐུབ་རེ་ཡོད་ཅེས་ལི་ཕེ་ཏུང་གིས་བཤད།
         ན་ནིང་ཟླ་ལྔ་པའི་གོང་དུ། ལི་ཕེ་ཏུང་གིས་གྲོང་མི་ཚོས་མ་དངུལ་གྲབས་གསོག་བྱས་ནས་མེ་ཏོག་གི་ཞིང་ཁམས་མཛེས་ལྗོངས་ཁུལ་བསྐྲུན་རྒྱུར་སྤྱོད་པའི་གློག་གི་ཐད་སེམས་ཁྲལ་མང་པོ་བྱུང་བ་རེད། གྲོང་གསེབ་གྱི་གློག་འདོན་བར་ཐག་ཅུང་རིང་བའི་ཁར། གློག་སྒྱུར་ཤོང་ཚད་ཀྱང་ཆེན་པོ་མེད་པ་དང་། གློག་སྐུད་རྙིང་པར་གྱུར་པ། གློག་གནོན་ཆུང་བ་བཅས་ཀྱི་རྐྱེན་གྱིས་གྲོང་མིའི་ཁྱིམ་གྱི་གློག་སྒྲོན་ཡང་འཚམ་རེ་གསལ་པོ་ཡོད་པ་དང་འཚམ་རེ་མི་གསལ་བའི་རྐྱེན་གྱིས་ཁྱིམ་སྤྱོད་གློག་ཆས་ཀྱང་རྒྱུན་གཏན་ལྟར་སྤྱོད་དཀའ་བས་མེ་ཏོག་གི་ཞིང་ཁམས་མཛེས་ལྗོངས་ཁུལ་གྱི་ཨར་རྒྱག་སྤྱོད་གློག་དེ་བས་ཀྱང་ཁག་པོ་ཡོད་པ་རེད།
         ཁ་ཚ་དགོས་གཏུགས་ཀྱི་དཀའ་གནད་དེ་དག་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་གློག་ཤུགས་སྡེ་ཚན་གྱིས་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་བརྒྱུད་སྤེན་མ་ལུང་གྲོང་ཚོར“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་ཐུབ་པ”བྱས་པ་རེད། ཨར་རྒྱག་རུ་ཁག་གིས་གློག་ཤིང་ཚང་མ་མཐོ་རུ་བཏང་བའི་ཁར་གློག་སྒྱུར་ཤོང་ཚད་ཆེ་རུ་དང་། གློག་སྐུད་སྦོམ་དུ། གློག་འདྲེན་ཚད་མང་དུ་བཅས་བཏང་ནས་གློག་འདོན་ཐད་སེམས་ཁྲལ་གཅིག་ཀྱང་མེད་པར་བཟོས་པ་རེད།
         “གློག་སྐུད་སྒྱུར་བཀོད་བྱས་རྗེས་འཚོ་བ་དང་ཐོན་སྐྱེད་ཐད་ཀྱི་གློག་སྤྱོད་དཀའ་བའི་གནད་དོན་ཚང་མ་ཐག་གཅོད་བྱུང་ནས་གློག་ཐབ་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་རྒྱུན་གཏན་ལྟར་སྤྱོད་ཐུབ་པ་མ་ཟད། མེ་ཏོག་གི་ཞིང་ཁམས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ཐད་སྤྱོད་པའི་གློག་ཀྱང་འགན་ལེན་བྱུང་སོང”ཞེས་ལི་ཕེ་ཏུང་གིས་བཤད་པ་རེད།
         “མེ་ཏོག་གི་ཞིང་ཁམས་སྤེན་མ་ལུང་ནི་ན་ནིང་གི་ཟླ་ལྔ་པར་སྐྲུན་འགོ་ཚུགས་པ་དང་། ཟླ་རེར་གློག་ཏུའུ་4000དགོས་ཀྱི་འདུག གལ་སྲིད་གློག་ཤུགས་འགན་ལེན་མ་བྱུང་ཚེ་ད་ལྟའི་མཛེས་ལྗོངས་ཁུལ་འདི་འདྲ་ག་ལ་ཡོད”ཅེས་དང་གྲོང་ཚོ་ཧྲིལ་པོར་མི་612ཡོད་པ་ལས་མང་ཆེ་བས་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་ཅེས་ལི་ཕེ་ཏུང་གིས་བཤད་པ་རེད།
         ཏ་ཐུང་རྫོང་ཞིང་འབྲོག་དང་དབུལ་སྐྱོར་གསར་སྤེལ་ཅུས་སྔོ་ཚལ་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་ཤིན་ཁྲེང་ཏེས་གསར་འགོད་པར་བཤད་དོན། སྤེན་མ་ལུང་གྲོང་ཚོ་ནི་རྫོང་ཡོངས་ཀྱི་གློག་ཤུགས་དབུལ་སྐྱོར་གྱི་མཚོན་བྱེད་ལྟ་བུ་ཡིན། ཏ་ཐུང་རྫོང་གི་མུའུ་སྟོང་ཡོད་པའི་ཧོང་ཀྭ་ཐོན་སྐྱེད་རྟེན་གཞི་སོགས་ཀྱིས་ཀྱང་གློག་དྲ་སྒྱུར་བཀོད་བྱས་རྗེས་ཀྱི་འགྱུར་ལྡོག་དངོས་ཚོར་ཡོད་པ་སྟེ། སྲོལ་རྒྱུན་གྱི་ཁྱིམ་ཚང་རྣམ་པའི་བཟོ་ཁང་དེ་འཕྲུལ་ཆས་ཅན་གྱི་མུ་འབྲེལ་ལས་རིམ་ཐོན་སྐྱེད་ཀྱིས་རྦད་དེ་ཚབ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཏ་ཐུང་རྫོང་གི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ཐད་མ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྫོང་དེ་ཡོངས་ཀྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་7.89བཏང་ནས་རྫོང་དེ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རྨང་གཞི་སྔར་བས་བརྟན་པོ་འདིང་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།