འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཀྲུང་གོས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་
    བཏང་བར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་གཡོད་ནུའོ་ཕུའུ·ཧྥེ་ལེ་ཏེ་ལི་ཁེ·ཨ་ཅ་ཧྥ་རན་སེའི་གྲོང་ཁྱེར་ཨ་ནེ་ཤིས་སུ་འཚོགས་པའི་སྐབས་དང་པོའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི“ཀྲུང་གོའི་རྣམ་གྲངས་ཀྱི་ལྷོ་ལྷོ་གླེང་མོལ་ཚོགས་འདུར”ཞུགས་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་འོག་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པ་དེར་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད་ཅེས་བཤད།
         ཨ་ཅ་ཡིས་ད་ཐེངས་ཀྱི་གླེང་མོལ་ཚོགས་འདུ་དེ་ལྷོ་ལྷོ་མཉམ་ལས་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གོ་སྐབས་དང་སྐབས་འཁེལ་ཡོད། ཚོང་དོན་དང་མ་འཇོག་གི་ཁྱབ་ཁོངས་ནས་བལྟས་ན། ལྷོ་ལྷོའི་མཉམ་ལས་དེ་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཚོང་དོན་ཐད། མིག་སྔར་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་57%གྱི་ཕྱིར་གཏོང་ཚང་མ་ལྷོ་ལྷོ་མཉམ་ལས་ལ་བརྟེན་དགོས་པ་དང་2009ལོ་ནས་བཟུང་ཀྲུང་གོ་ནི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་དམིགས་ས་དང་པོ་དེ་ཡིན། མ་འཇོག་ཐད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་མ་འཇོག་བྱེད་མཁན་གྱི་རྒྱལ་ཁབ་ཏུ་གྱུར་པ་དང་2012ལོ་ནས་ད་བར་དར་རྒྱས་འགོར་བའི་རྒྱལ་ཁབ་ཀྱི་མ་དངུལ་60%ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བཏང་བ་ཞིག་དང་ཀྲུང་གོ་ནི་དར་རྒྱས་འགོར་བའི་རྒྱལ་ཁབ་ལ་མ་དངུལ་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་ཅེས་བཤད།
         ཨ་ཅ་ཡིས་ལྷོ་ལྷོ་མཉམ་ལས་ནང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གལ་ཆེའི་གནས་བབ་བཟུང་ཡོད། ལྷོ་ལྷོ་མཉམ་ལས་བརྒྱུད་རིམ་ནང་ཀྲུང་གོས་དེ་མིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་འགོར་བའི་རྒྱལ་ཁབ་དང་མཉམ་དུ་ཤེས་བྱ་དང་ལག་རྩལ་མཉམ་སྤྱོད་བྱས་པ་དང་འབྲེལ་དཔལ་འབྱོར་གྲ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་གཙིགས་ཆེན་བྱས་ཡོད། ཀྲུང་གོའི་རོགས་རམ་འོག་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་མང་པོ་ཞིག་ལེགས་གྲུབ་བྱུང་བའི་ཐོག་རྣམ་གྲངས་དང་མ་དངུལ་འབོར་ཆེན་དོན་འཁྱོལ་ཐུབ་པ་བྱུང་ཡོད་ཅེས་ནན་བཤད་གནང་ཡོད།
         འཛམ་གླིང་ཚོང་དོན་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་བ་ཡུས་ཅན་ཧྭ་ཡིས་ཚོགས་འདུ་འགོ་ཚུགས་སྐབས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་རོགས་པ་ཡག་པོ་དང་གྲོགས་པོ་ཡག་པོ་ཡིན་པ་དང་ལྷོ་ལྷོ་མཉམ་ལས་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་ཕྱོགས་གལ་ཆེན་ཡིན། འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཀྲུང་གོ་དང་དར་རྒྱས་འགོར་བའི་རྒྱལ་ཁབ་ཀྱི་ཁེ་ཕན་གཅིག་མཚུངས་ཡིན་པར་བརྟེན་བློ་བརྟན་འགྱུར་མེད་ངང་མཐའ་མཚམས་ཚོང་དོན་གྲོས་མོལ་ནང་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་རེ་ཞུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས།
         ཡུས་ཅན་ཧྭ་ཡིས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ནི་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་ནང་མེད་ཐབས་མེད་པའི་སྟོབས་ཤུགས་ཡིན། འོན་ཀྱང་ཁོང་ཚོ་གོ་ལ་ཅན་དང་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་བཟོ་བའི་ནང་ཞུགས་པའི་ནུས་པ་དེ་ཙམ་འདང་གི་མེད། “ཀྲུང་གོའི་རྣམ་གྲངས”ནི་ཉམས་ཞན་གནས་སུ་གྱར་བའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་རྒྱུར་རོགས་རམ་བྱ་ཆེད་དང་ཁོང་ཚོ་དེ་བས་ལེགས་པའི་སྒོ་ནས་གོ་ལ་ཅན་གྱི་བརྒྱུད་རིམ་ནང་ཞུགས་རྒྱུ་དང་འབྲེལ་ཕན་འབྲས་ཐོན་རྒྱུར་རོགས་རམ་བྱ་ཆེད་དུ་ཡིན་ཞེས་གསུངས།
         ཁོང་གིས་ཀྲུང་གོས་ལྷོ་ལྷོའི་གླེང་མོལ་བྱེད་སྒོར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་གོ་རིམ་ལྡན་པའི་མཉམ་ལས་ལ་བརྟེན་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་དང་དེ་མིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཕན་ཚུན་ཤེས་རྟོགས་དང་། མཐུན་སྒྲིལ་མཉམ་ལས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱ་རྒྱུ་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་ཕྱོགས་མང་ཚོང་དོན་ལམ་བུ་གཙོ་བོ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།