འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་སུ་གསའ་རྔོན་མཁན་ལྔར་ཁྲིམས་ཆད་ཕོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་དམངས་ཁྲིམས་ཁང་གིས་ཉིན་ཤས་གོང་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་སུ་གསའ་རྔོན་པའི་གྱོད་གཞིར་འདྲི་གཅོད་དང་པོ་བྱས་ནས་ཁྲིམས་ཐག་བཅད་པ་དང་ཀན་གོ་ཀྲེན་སོགས་ཞུ་སྦྱོར་ཕྱི་མ་5ལ་ཁྲིམས་ཆད་ཕོག་ཡོད་པ་རེད།
         ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། 2014ལོའི་ཟླ་བརྒྱད་པར་ཞུ་སྦྱོར་ཕྱི་མ་ཀན་གོ་ཀྲེན་དང་ཆི་ཅུན་སོགས་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་དང་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་གཉིས་ཀྱི་ས་མཚམས་རྒྱུད་དུ་གསའ་ཕྲུག་གསུམ་རྔོན་རྒྱག་བྱས་པའི་ནང་ཞུགས་པ་དང་། རྗེས་སུ་འབྲེལ་ཡོད་མི་སྣ་(གྱོད་གཞི་སོ་སོར་ཕྱེ་ནས་ཐག་གཅོད་བྱ་རྒྱུ)བརྒྱུད་མཚོ་སྔོན་ཞིང་ཆེན་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་སྲུང་ལྟེ་གནས་ནས་སྲུང་སྐྱོབ་ཁ་གསབ་དང་གསོ་ཚགས་གྲོན་དངུལ་སྒོར་ཁྲི་3རག་པ། དེ་བཞིན་2014ལོའི་ཟླ་བཅུ་གཉིས་པར་ཝང་ཧའེ་ལུང་དང་། ཝང་ཡུས་ལུང་། ཆི་ཅུན། ཡེ་ཁྲེང་ཀུང་སོགས་ཞུ་སྦྱོར་ཕྱི་མས་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་དང་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་གཉིས་ཀྱི་ས་མཚམས་རྒྱུད་དུ་གསའ་1དང་། གོང་མོ་3 གནའ་བ་2བཅས་རྔོན་རྒྱག་པའི་ནང་ཞུགས་པ་རྩད་གསལ་པོ་ཆོད་པ་རེད།
         རྒྱལ་ཁབ་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་སྡེ་ཚན་གྱིས་ཁྲིམས་འཛིན་གསལ་འབྱེད་བྱས་པ་བརྒྱུད། གོང་གསལ་གྱི་ཞུ་སྦྱོར་ཕྱི་མས་རྔོན་བརྒྱབ་པའི་གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་དེ་བཞིན་གོང་མོ་དང་གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན་པ་རེད།
         དེར་བརྟེན་མདོ་ལ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲིམས་ཐག་བཅད་པ་སྟེ། ཞུ་སྦྱོར་ཕྱི་མ་ཀན་གོ་ཀྲེན་གྱིས་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་དགུ་བྱ་རྒྱུ་དང་འབྲེལ། དངུལ་ཆད་སྒོར་ཁྲི་1གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་ཝང་ཧའེ་ལུང་དང་ཝང་ཡུས་ལུང་གིས་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་དགུ་སོ་སོར་བྱ་རྒྱུ་དང་འབྲེལ། དངུལ་ཆད་སྒོར་ཁྲི་1སོ་སོར་གཏོང་རྒྱུའི་ཁྲིམས་ཐག་བཅད་པ། ཞུ་སྦྱོར་ཕྱི་མ་ཆི་ཅུན་གྱིས་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་བདུན་དང་ཟླ་གཅིག་བྱ་རྒྱུ་དང་འབྲེལ། དངུལ་ཆད་སྒོར་8000གཏོང་རྒྱུའི་ཁྲིམས་ཐག་བཅད་པ། ཞུ་སྦྱོར་ཕྱི་མ་ཡེ་ཁྲེང་ཀུང་གིས་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་བདུན་བྱ་རྒྱུ་དང་འབྲེལ། དངུལ་ཆད་སྒོར་8000གཏོང་རྒྱུའི་ཁྲིམས་ཐག་བཅད་པ། ཁྲིམས་འགལ་ངང་རྔོན་བརྒྱབ་པའི་གསའ་དང་། གོང་མོ། གནའ་བ་སོགས་ཀྱི་ཤི་རོ་དང་། རྔོན་ཆས། ཁྲིམས་འགལ་ངང་ཐོབ་པའི་སྐྱོབ་སྲུང་ཁ་གསབ་དང་གསོ་ཚགས་གྲོན་དངུལ་སྒོར་ཁྲི་3བཅས་གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།