འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤྱི་བདེ་པུས་པེ་ཅིང་དུ་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞིར་རྡུང་རྡེག་ནན་པོ་བཏང་བའི་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་42ཀྱི་ཀྲུང་གོར་བཅའ་སྡོད་ཁྲིམས་སྐྱོང་བདེ་འཇགས་ཀྱི་འཐུས་མི་60ལྷག་ཙམ་གདན་ཞུས་ལྟར་ཞུགས་ཡོད་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཀྲུང་གོའི་མངའ་ཁོངས་སུ་མང་པོ་ཐོན་པ་དང་། 2015ལོར་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྲི་59.9ཐོན་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་200ཙམ་བཟོས་པ་དང་། 2016ལོའི་ལོ་སྟོད་ཁོ་ནར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྲི་28.7ཐོན་ནས་གྱོང་གུན་སྒོར་དུང་ཕྱུར་80ལྷག་ཙམ་བཟོས་ཡོད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཐོན་མང་བའི་དུས་བབ་ལ་དམིགས་ནས། རང་རྒྱལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ན་ནིང་ཟླ་6པ་ནས་བཟུང་། ཁྱོན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྲི་5ལྷག་ཙམ་རྩད་བཅད་ནས་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི་2ལྷག་ཙམ་བཟུང་པ་དང་ཁ་བསླུས་ནག་ཚང་4000ལྷག་ཙམ་མེད་པར་བཟོས་ཡོད། འདི་ལོའི་ཟླ་4པ་ནས་བཟུང་། རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཁེན་ནི་ཡ་དང་། མ་ལེ་ཞི་ཡ། ཁམ་བུ་ཁྲེ། ལོ་སི་སོགས་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་བཏང་ནས་ཁྱོན་ཉེས་གསོག་དོགས་ཅན་295བཟུང་པ་རེད།
         སྤྱི་བདེ་པུའུ་ཉེས་དོན་མྱུལ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པར་དམ་ཞིང་ནན་པའི་སྒྲིག་འཛུགས་རང་བཞིན་དང་ཅུང་ཆེ་བའི་གསང་ཐབས་རང་བཞིན་ལྡན་ཡོད། གྱོད་གཞི་དེ་རིགས་ལ་རྩད་ཆོད་དཀའ་བ་དང་བརྐུས་ནོར་ཕྱིར་ལེན་དཀའ་བའི་ཁྱད་ཆོས་ལྡན་པ་མ་ཟད། གོ་ལ་ཧྲིལ་པོར་མགྱོགས་མྱུར་ཁྱབ་འགྱེད་ཀྱང་འགྲོ་སྲིད་པས། རྒྱལ་ཁབ་ཁག་གིས་ཇུས་ཤུགས་མཉམ་འདོན་དང་ཕྱར་བ་གྲུ་འདེགས་བྱེད་དགོས་པ་དང་། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོར་གནོད་འཚེ་ཆེན་པོ་བཟོ་བའི་རྒྱལ་སྒྲོལ་གྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དེ་དག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་ཁྲིམས་སྐྱོང་བདེ་འཇགས་ཀྱི་འཐུས་མི་ཚོས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཉེས་གསོག་གིས་ཀྲུང་གོ་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད་པས། ཀྲུང་གོ་ཕྱོགས་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཉེས་གསོག་དེ་རིགས་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།