འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཤིང་ཀྲོའུ་རུ་འཚམས་འདྲིར་བསྐྱོད་པར་རྒོལ་གཏམ་གཏོང་བ། 

    “ས་ཏེའི”བཞུགས་མོལ་ཚོགས་འདུར་གྲུབ་འབྲས་གང་ཡང་ཐོབ་མེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཧན་མིང་ཆིའུ་ཡིས“ས་ཏེའི”མ་ལག་བཀོད་སྒྲིག་ཁུལ་ཧན་གོའི་ཆིང་ཧྲང་པེ་ཏའོ་ཤིང་ཀྲོའུ་ཅུན་ལ་འཚམས་འདྲིར་བསྐྱོད་པར་ས་གནས་དམངས་བྱིངས་ཀྱིས་ངོ་རྒོལ་བྱས་པས་འབྲེལ་ཡོད“ས་ཏེའི”བཀོད་སྒྲིག་གི་བཞུགས་མོལ་ཚོགས་འདུར་གྲུབ་འབྲས་གང་ཡང་ཐོབ་མེད་པ་རེད།
         ཧན་གོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧན་མིང་ཆིའུ་ཡིས་གོང་ཚེས་ཉིན་གྱི་ཕྱི་དྲོ་ཤིང་ཀྲོའུ་ཅུན་གྱི་དམངས་བྱིངས་འཐུས་མི་དང་སྒོ་རྒྱག་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཧན་མིང་ཆིའུ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག“ས་ཏེ”བཀོད་སྒྲིག་གི་ཐག་གཅོད་ཁྱབ་བསྒྲགས་མ་བྱས་གོང་ཤིང་ཀྲོའུ་ཅུན་གྱི་དམངས་བྱིངས་དང་འབྲེལ་གཏུག་གང་ལེགས་མ་བྱས་པར་དགོངས་སེལ་ཞུས་ཡོད། འོན་ཀྱང་ཁོང་གིས“ས་ཏེ”བཀོད་སྒྲིག་གི་དགོས་ངེས་རང་བཞིན་དང་ཤིང་ཀྲོའུ་ཅུན་བདམས་པའི་རྒྱུ་མཚན་བསྐྱར་བཤད་བྱས་ནས་ས་གནས་དམངས་བྱིངས་ཀྱིས་སྲིད་གཞུང་གི་དཀའ་ངལ་ལ་བསམ་ཤེས་བྱ་རྒྱུའི་རེ་འབོད་བྱས་པ་རེད།
         ཧན་མིང་ཆིའུ་ཡི་དགོངས་སེལ་ལ་བརྡ་ལན་བྱུང་མེད། ཤིང་ཀྲོའུ་ཅུན“ས་ཏེ”བཀོད་སྒྲིག་བཀག་འགོག་འཐབ་རྩོད་ཨུ་ཡོན་ལྷན་ཁང་གི་འཐུས་མིས་ཚོགས་འདུའི་ཐོག་སྲིད་གཞུང་གི་འཚབ་འཚུབ་ཆེ་བའི་ཐབས་ཇུས་ལ་སྐྱོན་བརྗོད་བྱས་ནས་སྲིད་གཞུང་ལ་འོས་འདེམས་ས་ཆ་དཔྱད་དཔོག་གི་ཞིབ་ཕྲའི་གཞི་གྲངས་སྟོན་རྒྱུའི་རེ་བ་བཏོན་ཡོད། བཀག་འགོག་འཐབ་རྩོད་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་བཀོད་སྒྲིག་ཐག་གཅོད་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཡང་ཧན་མིང་ཆིའུ་ཡིས་ལན་བརྒྱབ་མེད་པ་རེད།
         ཕྱོགས་གཉིས་པོའི་འགལ་བ་ཆེ་རུ་འགྲོ་བའི་གནས་ཚུལ་འོག་མཐར་གྲོས་མོལ་ལ་གྲུབ་འབྲས་གང་ཡང་ཐོབ་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།