འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་འབའ་རྫོང་གི་ལས་བྱེད་པས་ཆ་སྒྲིག་གཉེན་འཚོལ་གྱི་བྱེད་སྒོ་སྤེལ་ནས་གནད་
    སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དམིགས་བསལ་རིགས་ཀྱི་ལོ་གསུམ་གྱི་དབུལ་སྐྱོར་འགག་སྒྲོལ་འཆར་གཞི་ལག་བསྟར་བྱས་པའི་མཚོ་ལྷོ་བོད་རིཌ་རང་སྐྱོང་ཀྲོའུ་འབའ་རྫོང་གི་ངོས་ནས་བརྗོད་ན། འདི་ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་དབུལ་སྒྲོལ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དམིགས་ཚད་དེ་ལེགས་སྒྲུབ་བྱེད་ཆེད། རྫོང་དེས་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ལས་བྱེད་པ་སྟོང་གིས་དུད་ཚང་སྟོང་དང་ཆ་སྒྲིག་གཉེན་འཚོལ་གྱི་བྱེད་སྒོ་ཁྱབ་གདལ་ཤུགས་ཆེན་བཏང་བར་བརྟེན། དཀའ་ངལ་ཡོད་པའི་མང་ཚོགས་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་རྒྱུའི་གོམ་སྟབས་མགྱོགས་སུ་ཕྱིན་པ་རེད།
         འབའ་རྫོང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོས་རང་འགུལ་ངང་ཞིང་འབྲོག་དུད་ཚང་དུ་བསྐྱོད་ནས་གཉེན་ཉེ་སྒྲིག་པ་དང་། ཁྱིམ་ཚང་གི་གནས་ཚུལ་སྐད་ཆ་འདྲི་བ། དཀའ་ངལ་སེལ་བ། དབུལ་སྒྲོལ་ལ་རོགས་རམ་བཅས་བྱས་པའི་ཐོག་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འཆར་བསྡུ་རུབ་རྒྱ་ཁྱབ་བྱས་པ་དང་འབྲེལ། དུས་ཐོག་ཏུ་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་ཁར། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་འགྱུར་ལྡོག་བཏང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་རེད།
         རྫོང་ཐད་གཏོགས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་ལས་བཟོའི་ནུས་པ་དང་ཟུང་འབྲེལ་བྱས་ཏེ། འབའ་རྫོང་གིས་དང་ཐོག་རྫོང་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲོད་བརྟག་དཔྱད་མཐིལ་རྟོགས་བྱས་ནས་དབུལ་པོ་ཆགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན་བྱས་ཤིང་། རྫོང་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་ལས་བཟོ་1219ཡིས་དུད་ཚང་དབུལ་པོ་1872དང་ཆ་སྒྲིག་གཉེན་འཚོལ་གྱི་འབྲེལ་བ་བཙུགས་པ་དང“དུད་ཚང་གཅིག་ལ་ཐབས་གཅིག”གི་དབུལ་སྐྱོར་བྱེད་ཐབས་བཟོས་པའི་ཐོག“ལས་འགན་བསྒྲུབས་མ་ཚར་བར་འགན་འཁྲི་མུ་མཐུད་འཁུར་རྒྱུའི”དམ་བཅའི་ཡི་གེར་མིང་རྟགས་བཀོད་པར་བརྟེན་ཆ་སྒྲིག་གཉེན་འཚོལ་བྱ་སྤྱོད་དམིགས་སར་འཁྱོལ་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་རེད།
         དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། འབའ་རྫོང་གིས་རྫོང་ཡོངས་ཀྱི་གྲོང་ཚོ་73ནང་ཆ་སྒྲིག་གཉེན་འཚོལ་གྱི་ཆ་འཕྲིན་ལས་དོན་པ་དང་འབྲེལ་གཏུག་པ་སྒྲིག་འཛུགས་བྱས་པ་དང་། རྫོང་དེའི་བརྙན་འཕྲིན་ལས་ཁུངས་སུ“ཆ་སྒྲིག་གཉེན་འཚོལ་གྱི་ལས་བྱེད་པ་ཐད་གཏོང་ཁང་དུ་བསྐྱོད”ཅེས་པའི་ལེ་ཚན་བཟོས་པ་དང་ཤིན་ཧྭ་དྲ་བའི་འབའ་རྫོང་འཕྲིན་ལམ་དང་། ཉི་འོད་སྲིད་དོན། 《འབའ་རྫོང་གི་རྩ་འཛུགས་ལས་དོན་》སོགས་ཀྱི་དྲ་བ་དང་དུས་དེབ་ཐོག“རོགས་རེས་གཉིས་ཀྱི་གནས་ཚུལ”ཞེས་པའི་ཆ་སྒྲིག་ལེ་ཚན་བཏོན་ཏེ། བྱས་རྗེས་མངོན་གསལ་དོད་པ་དང་མང་ཚོགས་ཀྱིས་ཁས་ལེན་བྱེད་པའི་ཏང་ཡོན་ལས་བྱེད་པ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་དང་། དབུལ་སྐྱོར་དཔྱད་ཡིག་བཀྲམས་པ། ཏང་ཡོན་གྱི་ཚོགས་ཆེན་དང་མང་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་གནད་སྨིན་དབུལ་སྐྱོར་དང་། གཞི་རིམ་ཏང་འཛུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པར་བརྟེན། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། དབུལ་སྒྲོལ་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།