འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་རྣམ་པའི་འབར་མདེལ་སེལ་སྟངས"ཞེས་པ་དེ་ཁོང་ཚོའི་མིང་བྱང་ལྟ་བུ་རེད།

    —— ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་འབར་མདེལ་སེལ་བཀྲོལ་ཡན་ལག་རུ་ཁག་གི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         2006ལོའི་ཟླ་བཞི་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདན་ཞུས་ལྟར་ཀྲུང་གོས་དཔུང་སྡེ་མངགས་ནས་ལི་པ་ནོན་དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་པར་ཐོག་མར་སྐྱོད། ཉེན་ཁ་ཧ་ཅང་ཆེ་བའི་འབར་མདེལ་བཤེར་འཚོལ་དང་འབར་རྫས་སེལ་བཀྲོལ་བྱ་རྒྱུ་ནི་ལི་པ་ནོན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ལས་འགན་གཙོ་བོ་རེད།
         ལོ་བཅུའི་རིང་ལི་པ་ནོན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་དཔུང་སྡེས་རིམ་རྩིས་བྱས་ན་ས་འོག་འབར་མདེལ་དང་དེ་བཞིན་འབར་རྫས་ཁྲི་གཅིག་ཙམ་བཙལ་འཚོལ་དང་སེལ་བཀྲོལ་བྱས་ཡོད་ཅིང་། དེའི་རིང“མི་སྣ་ཤི་རྨས་གཅིག་ཀྱང་བྱུང་མེད་པ་དང་གནས་ཚུལ་གཅིག་ཀྱང་ཐོན་མེད་པ”དང“གྲངས་འབོར་མང་ཤོས་དང་མྱུར་ཚད་མགྱོགས་ཤོས”ཀྱི་ཕུལ་བྱུང་གྲུབ་འབྲས་བཏོད་ཡོད་པ་རེད། “ཀྲུང་གོའི་རྣམ་པའི་འབར་མདེལ་སེལ་སྟངས”ཞེས་པ་དེ་དཔུང་སྡེ་དེས་ལི་པ་ནོན་ལྷོ་རྒྱུད་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གནས་སྐབས་དཔུང་སྡེའི(ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེ)ཁྲོད་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།
         ལི་པ་ནོན་ལྷོ་རྒྱུད་དང་དབྱི་སི་རལ་དབར་གྱི་གནས་སྐབས་མཐའ་མཚམས་ས་ཐིག་ཡིན་པའི“ལྗང་ཐིག”ས་ཁུལ་དེར“ཤི་ཉེན་ཁུལ”ཞེས་བརྗོད་སྲོལ་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་ཚུན་དུ་ཕྱོགས་གཉིས་ཀས་ས་ཁུལ་དེར་ས་འོག་འབར་མདེལ་ཁུལ་སྟོང་ཕྲག་བཀོད་སྒྲིག་བྱས་པར་འབར་མདེལ་སྣ་ཚོགས་ཁྲི་བཅུ་གྲངས་སྦས་མོད། འོན་ཀྱང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དཔོན་དམག་ཚོས་ད་བར་དུ་སྲོག་ཉེན་ཆེ་བའི་ས་ཆ་དེ་བརྟན་སྲུང་བྱས་ཡོད།
         དཔུང་སྡེ་དེའི་མི་སྣའི་མིང་ཐོ་སྔོག་སྐབས་འབར་མདེལ་བཤེར་འཚོལ་ལན་གྱི་དཔོན་དམག་80%ཡན་ནི་ཏང་ཡོན་ཡིན་པ་དང་ལྷག་དོན་དུ་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པའི་རིགས་ཀྱིས་ས་འདྲུ་བ་དང་ས་འོག་འབར་མདེལ་དང་དེ་བཞིན་འབར་རྫས་བཤེར་འཚོལ་གྱི་ཉེན་ཁ་ཆེ་བའི་ལས་གནས་འཁུར་གྱི་ཡོད་པ་རེད།
         ཝང་སུང་ཝུའེ་ནི་ཙུའུ་ཀྲང་གསུམ་གྱི་གྲས་ཤིག་ཡིན་པ་དང་དེ་སྔ་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཐེངས་གཉིས་སྒྲུབ་མྱོང་ཡོད་ལ་ཉམས་མྱོང་ཕུན་སུམ་ཚོཌ་པོའང་ཡོད། འདི་ལོའི་ཟླ་གསུམ་པར་གཉེན་སྒྲིག་གི་ལག་ཁྱེར་ལེན་མ་ཐག་ཡིན་པའི་ཁོང་གིས་ལི་པ་ནོན་དུ་བསྐྱོད་མཁན་དཔུང་སྡེ་ཁག་15པ་སྒྲིག་འཛུགས་བྱེད་པའི་གནས་ཚུལ་ཤེས་རྗེས་གཉེན་སྒྲིག་རྗེས་ཀྱི་སྦྲང་རྩིའི་ཟླ་བ་གཏོང་བའི་གོ་སྐབས་བློས་བཏང་ནས་སླར་ཡང“དམག་འཐབ་ཞུ་ཡིག”བསྐྱལ་བ་རེད།
         ལོ་ལྔའི་གོང་དུ་ཝང་སུང་ཝུའེ་ཡིས་འབར་མདེལ་ཁུལ་དུ“གཡུལ་སར་ཏང་ནང་ཞུགས”ཡོད།
         “དེ་རིང་ང་ཚོས་མཐོང་བ་ནི་ཕུལ་བྱུང་འབར་མདེལ་བཤེར་འཚོལ་བ་དང་ཕུལ་བྱུང་ཆེད་ལས་མི་སྣ་ཡིན། ཀྲུང་གོ་འབར་མདེལ་བཤེར་འཚོལ་དམག་ནི་ལེགས་ཤོས་རེད”ཅེས་མི་རིང་བའི་གོང་དུ་འབར་མདེལ་བཤེར་འཚོལ་འོས་ཐོབ་བདེན་དཔང་ར་སྤྲོད་ཀྱི་དཔྱད་ཞིབ་བྱེད་རིང་ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེ་ས་འོག་འབར་མདེལ་བྱ་སྤྱོད་ཁྲུའུ་ཡི་གཙོ་འགན་འཁུར་མཁན་ཧེང་ལི·མུའུ་ལན་ཏེས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་དཔོན་དམག་ལ་བསྔགས་བརྗོད་དེ་འདྲ་ཞིག་བྱས་པ་རེད།
         ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེའི་གཏན་འབེབས་གཞིར་བཟུང་འབར་མདེལ་བཤེར་འཚོལ་གྱི་ལས་འགན་སྒྲུབ་པར་མ་སྐྱོད་གོང་ངེས་པར་དུ་སྔོན་ལ་འབར་མདེལ་བཤེར་འཚོལ་གྱི་འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་དགོས་ཀྱི་ཡོད། 2006ལོར་ཀྲུང་གོས་ཕྱི་རྒྱལ་དུ་མངགས་པའི་འབར་མདེལ་བཤེར་འཚོལ་གྱི་ལས་འགན་སྒྲུབ་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཐོག་མར་ཆ་མཚོན་ན། རྒྱལ་ནང་དུ་ཉམས་མྱོང་གང་ཡང་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུ་མེད་ལ་རྒྱལ་ཁབ་གཞན་གྱིས་ཉམས་མྱོང་བརྗོད་འདོད་ཀྱང་བྱེད་ཀྱི་མེད།
         གཞན་ཡང་ཀྲུང་གོའི་འབར་མདེལ་བཤེར་འཚོལ་ཡན་ལག་རུ་ཁག་གིས“ཆུ་གནོན་མཚམས་སྦྱོར་དངོས་པོར་བརྟེན་ནས་ས་འོག་འབར་མདེལ་མེད་པ་བཟོ་བའི་ཐབས་ཤེས”དང“རིགས་དབྱེ་དང་སྣོལ་སྡེབ་བྱས་ནས་ངེས་གནས་གཏན་འཁེལ་བྱེད་པའི་ཐབས་ཤེས”སོགས་ལག་རྩལ་བཞི་གསར་གཏོད་བྱས་པ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མདེལ་བཤེར་འཚོལ་ལས་སྒྲུབ་ཚད་གཞིའི་ནང་བཀོད་ཡོད། འཇར་མན་དང་། ཧྥ་རན་སེ། རྒྱ་གར་སོགས་རྒྱལ་ཁབ་མང་པོ་ཞིག་གི་ཞི་བདེ་སྲུང་སྐྱོང་དཔོན་དམག་གིས་འབར་མདེལ་བཤེར་འཚོལ་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་ཡོང་ཡོད། སྐབས་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ནན་དང་ཕན་ཅི་ཝུན་སྐུ་ངོ་མ་འབར་མདེལ་ཁུལ་དུ་ཀྲུང་གོའི་འབར་མདེལ་བཤེར་འཚོལ་དཔོན་དམག་ཚོར་གཟིགས་པར་ཕེབས་པ་མ་ཟད། ད་དུང་གདེང་འཇོག་མཐོ་པོ་གནང་བ་རེད།
         2014ལོར་ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེས་ལི་པ་ནོན་དང་དབྱི་སི་རལ་གྱི་ཤར་རྒྱུད་དུ་བདེ་འཇགས་བགྲོད་ལམ་ཞིག་གཏོད་རྩིས་བྱས་མོད། འོན་ཏེ་དེ་གར་ས་འོག་འབར་མདེལ་འབོར་ཆེན་སྦས་པ་དག་ལ་ལོ་མང་རིང་མིའི་གཏོར་སྐྱོན་ཕོག་པ་དང་ཆར་ཆུས་འདྲུད་པའི་དབང་གིས་ས་འོག་འབར་མདེལ་གྱི་གནས་སར་འགྱུར་ལྡོག་བྱུང་ལ་སྦི་སྡི་འབར་ཆོག་ཆོག་ཏུ་འགྱུར་ཡོད་པ་རེད།
         ཉེན་ཁའི་མདུན་དུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གིས་རང་འགུལ་ངང་ལས་སྒྲུབ་བྱ་རྒྱུའི་རེ་བ་ཞུས། ཁོང་ཚོས་ཉིན་ལྟར་པུས་མོ་ས་ལ་བཙུགས་ནས་འབར་མདེལ་འཚོལ་བཤེར་ཆུ་ཚོད་10ལྷག་ཙམ་བྱས་པ་དང་ལྕགས་ཁྱེམ་ཆུང་ངུ་དང་སྤུ་ཤད་ཀྱིས་གནའ་རྫས་འཚོལ་བཤེར་བྱེད་པ་བཞིན་འབར་མདེལ་འཚོལ་བཤེར་བྱས། མཐར་ཟླ་བ་བཞི་ཙམ་དཀའ་སྤྱད་ལས་སྒྲུབ་བྱས་པ་བརྒྱུད་རིང་ཚད་ལ་སྨི་200ལྷག་ཙམ་དང་ཞེང་ཚད་ལ་སྨི་3ཡོད་པའི་བདེ་འཇགས་བགྲོད་ལམ་ཞིག་བཏོད་ཡོད། ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེའི་དཔོན་རིགས་ཀྱིས་ས་ཆ་དངོས་སུ་ཀྲུང་གོའི་དཔོན་དམག་ལ་འཚམས་འདྲི་ཐེངས་མང་བྱས་པ་དང་འབྲེལ་བརྡ་ཁྱབ་གཏོང་རིང་བསྔགས་བརྗོད་ཀྱང་བྱས་པ་སྟེ“ཀྲུང་གོའི་དམག་མིས་ཉེན་ཁ་ཧ་ཅང་ཆེ་བའི་ལས་འགན་འཁུར་བ་དང་ལས་འགན་རྣམས་ཕུན་སུམ་ཚོགས་པོའི་ངང་ལེགས་པར་བསྒྲུབས་འདུག”ཅེས་པ་དེ་རེད།
         “ལེགས་གྲུབ་མི་ཐུབ་པའི་ལས་འགན་མེད”ཅེས་པ་ནི་ཀྲུང་གོའི་འབར་མདེལ་བཤེར་འཚོལ་དཔོན་དམག་ཚོའི་ཁ་རྒྱུན་ཞིག་ཡིན་ལ་གུང་ཁྲན་ཏང་ཡོན་ཁག་དང་ཁག་བྱས་པས་ཉེན་ཁ་ཆེན་པོའི་མདུན་དུ་ཞུམ་མེད་མདུན་སྐྱོད་བྱས་པའི་མཚོན་ཚུལ་དངོས་ཤིག་དེ་བས་ཀྱང་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།