འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡིས་ཤེས་ལྡན་པར་བརྟེན་ནས་དབུལ་སྐྱོར་འགག་སྒྲོལ་
    ལ་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དབུལ་སྐྱོར་འགག་སྒྲོལ་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། ཤེས་ལྡན་པའི་དབུལ་སྐྱོར་འགག་སྒྲོལ་ནུས་པ་དང་ཤེས་ལྡན་པའི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཕྱོད་ཆེ་རུ་གཏོང་ཆེད། དཀར་མཛེས་ཀྲོའུ་ཡིས་འདི་ལོ་ནས་བཟུང“འདུ་འགོད་ཆེན་པོ་བཞི”དམ་འཛིན་བྱ་གཞིར་བྱས་ནས་ཤེས་ལྡན་པའི་དབུལ་སྐྱོར་འགག་སྒྲོལ་ལས་ཀ་གཏིང་ཟབ་སྤེལ་བ་རེད།
         དབུལ་སྐྱོར་འགག་སྒྲོལ་གྱི་ཤེས་ལྡན་པ་ནང་འདྲེན་དང་སྐྱེད་སྲིང་འདུ་འགོད་ལག་ལེན་བསྟར་བ། མཐོ་རིམ་ཤེས་ལྡན་པ་དཀོན་པའི་དོན་དངོས་ལ་དམིགས་ནས་རབ་འབྱམས་པ་དང་འབུམ་རམས་པ་དཀར་མཛེས་ལ་གདན་འདྲེན་པའི་བྱ་སྤྱོད་སྤེལ་ཏེ་ལོ་ལྔ་ཡི་ནང་སློབ་གསོ་དང་། འཕྲོད་བསྟེན། ཡུལ་སྐོར། འགྲིམ་འགྲུལ། ཞིང་འབྲོག་ལས། ནགས་ལས་སོགས་ཀྱི་ལས་རིགས་ལ་འབུམ་རམས་པ་100དང་རབ་འབྱམས་པ་1000བསྡུ་རྩིས་ཡོད་པ་དང་། “ཁམས་པའི་ཤེས་ལྡན་པ་ཕུལ་བྱུང་བརྒྱ་སྟོང་ཁྲིའི་འདུ་འགོད”ལས་ཀ་གཏིང་ཟབ་སྤེལ་ནས“ཆེད་ལས་ཤེས་ལྡན་པ་དཀོན་པ་གནས་གཏན་འཁེལ་གསོ་སྐྱོང་འཆར་གཞི”ལག་ལེན་ཤུགས་ཆེན་བསྟར་ཏེ་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་གི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་གྲྭ་དང་འབྲིང་རིམ་ལས་རིགས་སློབ་གླིང་སོགས་སློབ་གྲྭ་དང་ཀྲོའུ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཆེད་ལས་21གི་ཤེས་ལྡན་པ་གནས་གཏན་འཁེལ་གྱིས་གསོ་སྐྱོང་བྱས་པ་དང་ལས་བྱེད་ཤེས་ལྡན་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས་སྡོད་ཐུབ་པ་དང་། སྤྱོད་ཐུབ་པ། ལས་ཀ་བྱེད་ཐུབ་པའི་དབུལ་སྐྱོར་འགག་སྒྲོལ་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྱེད་སྲིང་བྱས་ཤིང་། འདི་ལོར་དཀར་མཛེས་ཀྲོའུ་དང་རྫོང་གིས་གནད་སྨིན་དབུལ་སྐྱོར་དང་ཁེ་ལས་ཚོང་གཉེར་དོ་དམ་སོགས་ཆེད་ལས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་279གཉེར་ནས་རིམ་པ་ཁག་གི་ལས་བྱེད་ཤེས་ལྡན་པ་སྣ་ཚོགས་མི་ཐེངས་34248གསོ་སྦྱོང་བྱས་པ་རེད།
         ཆེད་ལས་ཤེས་ལྡན་པའི་རོགས་སྐྱོར་འདུ་འགོད་ལག་ལེན་བསྟར་བ། གཟིགས་སྐྱོང་སྲིད་ཇུས་བཏོན་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པར་རང་རང་སོ་སོའི་ལས་གནས་ལ་གཞིས་ཚུགས་ཏེ་དབུལ་སྐྱོར་དང་རིག་སྟོབས་ཀྱི་རོགས་སྐྱོར་ཁྲིད་སྟོན་བྱས་ཏེ་གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད་རྒྱུར་བསྐུལ་ནས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་རྩའི་ལག་རྩལ་མེད་པའི་དཀའ་གནད་བསལ་བ་དང་། “རིམ་དབྱེའི་འགན་འཁུར་དང་། མཁོ་བབ་འདེམས་གཏོང་། དུས་བཀག་བརྗེ་རེས”ཀྱི་བྱེད་སྟངས་སྤྱད་དེ། སློབ་གསོ་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དུས་བཀག་བཞིན“གྲོང་གསེབ་ལ་སློབ་ཚན་འཁྲིད་པ”དང“སྨན་པ་དཀའ་བཅུ་པ་ཁྲིས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པའི”བྱེད་སྒོ་སྤེལ་དུ་བཅུག་པ་རེད། འདི་ལོར་དཀར་མཛེས་ཀྲོའུ་དང་རྫོང་གིས་ཆེད་ལས་ཤེས་ལྡན་པ་23200གྲོང་ཚོར་བརྟག་དཔྱད་བྱེད་པར་མངགས་ཏེ་ལག་རྩལ་གསོ་སྦྱོང་བློ་འདྲི་དང་རྣམ་གྲངས་ཆེ་གྲས་གལ་ཆེན་འགག་སྒྲོལ་ལས་ཀ་སྤེལ་བ་རེད། ཚན་རྩལ་ཤེས་ལྡན་པས་ཐོན་ལས་དུད་ཚང་ལ་རོགས་ཁྲིད་བྱེད་པའི་ལམ་སྲོལ་བཙུགས་ནས་དུས་བཀག་བཞིན་ཞབས་ཞུ་དང་། ལག་རྩལ་གསར་སྤེལ། ཚན་རྩལ་བློ་འདྲི་སོགས་བརྒྱུད་རིག་སྟོབས་རོགས་སྐྱོར་བྱས་པས། ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཡོངས་ལ་ཚན་རྩལ་ཆེད་བསྐོས་པ་ཁྱབ་ཡོད།
         ཡུལ་དེ་གའི་ཤེས་ལྡན་པར་རོགས་སྐྱོར་བྱེད་པའི་འདུ་འགོད་ལག་ལེན་བསྟར་བ། དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་ས་ཁུལ་དེ་གའི་ཤེས་ལྡན་པ་སྐྱེད་སྲིང་བྱས་ཏེ་ས་ཁུལ་དབུལ་པོའི་ཞིང་འབྲོག་པའི་རང་བརྟེན་ནུས་པ་ཆེ་རུ་བཏང་བ་རེད། དཀར་མཛེས་ཀྲོའུ་དང་རྫོང་གིས་དུས་བཀག་བཞིན་ཞིང་འབྲོག་ནགས་ལས་སོགས་སྡེ་ཚན་གྱིས་འདེབས་འཛུགས་དང་། གསོ་སྤེལ། གནོད་འབུ་འགོག་བཅོས། གྲོང་གསེབ་ཀྱི་དཔལ་འབྱོར་དོ་དམ་སོགས་གྲོང་གསེབ་ཀྱི་ཉེར་སྤྱོད་ལག་རྩལ་གྱི་རིགས་གཅིག་མཁས་པ་གཞི་རིམ་ལ་གདན་དྲངས་ནས་གྲོང་གསེབ་ཀྱི་ཤེས་ལྡན་པར་ལག་རྩལ་མཛུབ་ཁྲིད་དང་རྩལ་ནུས་གསོ་སྦྱོང་བྱས་ཤིང་། འདི་ལོར་ཞིང་འབྲོག་པ་མི་ཐེངས་ཁྲི་16གསོ་སྦྱོང་བྱས་པ་རེད། ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ཏེ་འདེབས་འཛུགས་དང་གསོ་སྤེལ་དུད་ཚང་ཆེ་མོ་དང་། ཕྱུག་འགྱུར་འཇོན་ཐང་ཅན། མི་རིགས་ལག་ཤེས་མཁས་པ་སོགས་དེ་གའི་ཤེས་ལྡན་པའི་སྣེ་ཁྲིད་ལ་བརྟེན་ནས། སྔོ་ཚལ་དྲོད་ཁང་དུ་ཚལ་འདེབས་པ་དང་། མི་རིགས་ལག་ཤེས་སྤེལ་བ། ཁྱད་ལྡན་འབྲས་ཤིང་འདེབས་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྒྱུ་འདེབས་པ། བོད་ཕག་དང་བོད་བྱ་གསོ་བ། ཐང་ག་འབྲི་བ། བོད་རག་སྙོལ་བ། ཁྱིམ་ཚང་མགྲོན་ཁང་གཉེར་བ་སོགས་དཀར་མཛེས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་དམིགས་བཀར་དུ་སྤེལ་བས། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།