འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པའི་ཉེན་སྒར་དུ་བོད་སྐད་ཧུར་ཐག་སྦྱངས་ནས་མང་ཚོགས་བློ་ཡིད་ཚིམ་པའི་མི་དམངས་
    ཉེན་རྟོག་པ་ཞིག་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2016ལོ་ཚུན་ཡུལ་གཞན་ནས་ཡོང་བའི་མི་དམངས་ཉེན་རྟོག་པས་བོད་སྐད་ཤོད་མི་ཤེས་པ་དང་། བོད་རིགས་ཀྱི་དམངས་སྲོལ་ལ་རྒྱུས་མངའ་མེད་པ། མང་ཚོགས་དང་སྤེལ་རེས་བྱེད་དཀའ་བ་བཅས་ཀྱི་ད་ལྟའི་གནས་ཚུལ་ལ་དམིགས་ཏེ་རྔ་པ་ཀྲོའུ་སྤྱི་བདེ་ལས་ཁུངས་ཀྱིས“བོད་སྐད་དང་བོད་རིགས་ཀྱི་དམངས་སྲོལ་སློབ་སྦྱོང་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པའི་མི་དམངས་ཉེན་རྟོག་པ་ཞིག་བྱེད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་བོད་སྐད་ཀྱི་ཐོག་ནས་ཉེན་རྟོག་པ་དང་མང་ཚོགས་དབར་མཛའ་གྲོགས་ཀྱི་སྦྲེལ་ཟམ་ཞིག་བཙུགས་པ་རེད།
         རྔ་པ་ཀྲོའུ་ནི་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཆེ་ཁག་གཉིས་པ་དེ་ཡིན་ཞིང་། རྔ་པ་དང་། མཛོད་དགེ ཧུང་ཡོན། འཛམ་ཐང་བཅས་རྫོང་4ཡི་བོད་རིགས་ཡུལ་མིས་སྤྱིའི་མི་འབོར་གྱི་མང་ཆེ་བ་བཟུང་ཡོད། “བོད་སྐད་ཤོད་མ་ཤེས་ན་སྤྱི་བདེའི་ལས་དོན་ཡག་པོ་སྒྲུབ་མ་ཐུབ་པ”དེ་རྔ་པར་ལས་ཀ་ལོ་14བྱས་པའི་མི་དམངས་ཉེན་རྟོག་པ་སུང་ཧྥེ་ལ་མྱོང་ཚོར་ཟབ་མོ་ཡོད།
         རྔ་པའི་ཉེན་སྒར་དུ་ཡུལ་གཞན་ནས་ཡོང་བའི་མི་དམངས་ཉེན་རྟོག་པ་དེ་བས་མང་བས་བོད་སྐད་སྦྱོང་བ་དང་སྦྲགས། བོད་སྐད་སྦྱོང་བའི་ཚ་རླབས་ཤིག་ཀྱང་འཕྱུར་ཡོད་པ་རེད།
         ཉེ་ཆར་《རྔ་པའི་བོད་རིགས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱི“བོད་སྐད་དང་བོད་རིགས་ཀྱི་དམངས་སྲོལ་སློབ་སྦྱོང་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པའི་མི་དམངས་ཉེན་རྟོག་པ་ཞིག་བྱེད་པའི”བྱེད་སྒོའི་ལག་བསྟར་ཇུས་གཞི་》བཏོན་ཞིང་། ཇུས་གཞིར་གཞིགས་ན། ལོ་ལྟར་ལོ་མཇུག་ཏུ་རྔ་བས་ཀྲོའུ་དེ་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་བོད་སྐད་སྦྱངས་འབྲས་ལ་གཅིག་སྡུད་དཔྱད་ཞིབ་བྱེད་པ་དང་ཉེན་དོན་བོད་སྐད་བརྗོད་པ་100ཁོང་དུ་ཆུད་པར་རིམ་པ་དང་པོར་གཏོགས་པ་དང་། བརྗོད་པ་200ཁོང་དུ་ཆུད་པར་རིམ་པ་གཉིས་པར་གཏོགས་པ། བརྗོད་པ་300ཁོང་དུ་ཆུད་པར་རིམ་པ་གསུམ་པར་གཏོགས་པ། བརྗོད་པ་400ཁོང་དུ་ཆུད་པར་རིམ་པ་བཞི་པར་གཏོགས་པ། བརྗོད་པ་500ཁོང་དུ་ཆུད་པར་རིམ་པ་ལྔ་པར་གཏོགས་པ་བཅས་མི་དམངས་ཉེན་རྟོག་པའི་བོད་སྐད་སྦྱངས་འབྲས་ལོ་འཁོར་གྱི་གཞུང་ལས་པའི་ཞིབ་དཔྱད་དང་། གོ་གནས་སྤོར་བ། གཟེངས་བསྟོད་བྱ་དགའ་སྤྲོད་པ་བཅས་དང་འབྲེལ་བ་ཡོད་པ་རེད།
         “བོད་སྐད་དང་བོད་རིགས་ཀྱི་དམངས་སྲོལ་སློབ་སྦྱོང་བྱས་ཏེ་སྐད་བརྡ་འཕྲོད་པ་དང་སེམས་པ་གཅིག་ཏུ་མཐུན་པ་བྱེད་དགོས” རྔ་པ་ཀྲོའུ་སྤྱི་བདེ་ཅུས་ཀྱི་འགན་ཁུར་བས་གྲུབ་འབྲས་འགན་ལེན་བྱ་ཆེད་ཡུལ་དེས་བྱ་ཐབས་རིགས་5སྤྱད་ནས་སློབ་སྦྱོང་བརྒྱུད་རིམ་དོ་དམ་ནན་དུ་གཏོང་གི་ཡོད། མི་དམངས་ཉེན་རྟོག་པས་གཟའ་འཁོར་མི་རེ་ངོ་རེར་འགན་འཁྲི་ཁུལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་རྔ་པ་དང་མཛོད་དགེ་སོགས་རྫོང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཟའ་འཁོར་རེར་ཉུང་མཐར་ཡང་ཉིན་3འགན་འཁྲི་ཁུལ་དུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་པ་དང་། ཀྲོའུ་དང་རྫོང་(གྲོང་ཁྱེར་)སྤྱི་བདེ་ཅུས་ཀྱིས་གཟའ་འཁོར་རེར་ཉུང་མཐར་ཡང་ཉེན་རྟོག་པའི་མཚན་སློབ་ཐེངས་1འཚོགས་ཏེ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཐོག་བོད་སྐད་དང་བོད་རིགས་ཀྱི་དམངས་སྲོལ་སློབ་སྦྱོང་བྱེད་པ། གཞི་རིམ་སྡེ་ཚན་དང་སྐར་ཁུང་ཚན་པའི་མི་དམངས་ཉེན་རྟོག་པས་བོད་སྐད་ནས་མང་ཚོགས་དང་སྤེལ་རེས་བྱ་རྒྱུར་སྐུལ་མ་བཏང་སྟེ་བོད་སྐད་གོ་ཐུབ་པ་དང་ཤོད་ཐུབ་པའི་ནུས་པ་རིམ་བཞིན་ཆེ་རུ་གཏོང་བ། 《ཉེན་དོན་ཨ་མདོའི་སྐད་ཀྱི་བརྗོད་པ་500》དང་《ཉེན་དོན་རྒྱལ་རོང་སྐད་ཀྱི་བརྗོད་པ་500》རྩོམ་སྒྲིག་བྱས་པ་དང་འབྲེལ་སྒྲ་བརྙན་དཔྱད་ཡིག་བཟོས་ནས་བོད་རིགས་ས་ཁུལ་གྱི་མི་དམངས་ཉེན་རྟོག་པས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱ་རྒྱུར་མཁོ་འདོན་བྱེད་པ། ཕ་སྐད་བོད་སྐད་མིན་པའི་མི་དམངས་ཉེན་རྟོག་པས་བོད་སྐད་སྦྱོང་བ་དང་ཕ་སྐད་བོད་སྐད་ཡིན་པའི་མི་དམངས་ཉེན་རྟོག་པས་རྒྱ་སྐད་སྦྱངས་ཏེ་ཕན་ཚུན་དགེ་སློབ་བྱེད་པ་དང་ཐུན་མོང་ཐོག་གོང་མཐོར་གཏོང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།