འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འདས་ཟིན་པའི་གཏམ་རྒྱུད་དང་ཡུལ་ལྗོངས་ལ་ཕྱིར་དྲན་བྱེད། 

    ཏེང་ཞའོ་ཕིང་དང་མོ་སི་ཁོའི་ཀྲུང་ཧྲན་སློབ་ཆེན། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཟིལ་རླབས་དགུང་འཕྱུར་གྱི་ཀྲུང་གོའི་དེང་རབས་གསར་བརྗེའི་ལོ་རྒྱུས་ཐོག་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི“ཕྱི་གླིང་སློབ་གྲྭ”ནི་མོ་སི་ཁོའི་ཀྲུང་ཧྲན་སློབ་ཆེན་ཡིན་ཤས་ཆེ། སུན་ཀྲུང་ཧྲན་གྱི་མཚན་ཐོག་ནས་བཙུགས་པའི་ཕྱི་རྒྱལ་སློབ་གྲྭ་དེར་དུས་རབས་གོང་མའི་ལོ་རབས་20པའི་དུས་མཇུག་ཏུ་ཀྲུང་གོའི་ཕུལ་བྱུང་གཞོན་ནུ་མང་པོ་མཉམ་དུ་འཛོམས་ཡོད་པ་དང་། སློབ་གྲྭ་དེ་ནས་ཐོན་པའི་ཕུལ་བྱུང་མི་སྣའི་གྲས་སུ་ཏེང་ཞའོ་ཕིང་དང་། ཏུང་པི་ཝུའུ། ལིན་པོ་ཆུས་སོགས་ཚུད་ཡོད། རྗེས་སུ་ཁོང་ཚོ་ཀྲུང་གུང་གི་སྔ་དུས་ཀྱི་འགོ་ཁྲིད་པར་གྱུར་ནས་ཀྲུང་གོའི་གསར་བརྗེའི་བྱ་གཞག་ལ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།
         ཀྲུང་ཧྲན་སློབ་ཆེན་1925ལོའི་ཟླ་10པར་བཙུགས་པ་དང་། སྐུ་ཞབས་སུན་ཀྲུང་ཧྲན་ཚེ་ལས་འདས་རྗེས། སུའུ་ལེན་སྲིད་གཞུང་གིས་མུ་མཐུད་ཀྲུང་གོའི་གསར་བརྗེར་རོགས་སྐྱོར་བྱེད་ཆེད། སུན་ཀྲུང་ཧྲན་གྱི་མཚན་ཐོག་ནས་མོ་སི་ཁོར་སློབ་ཆེན་བཙུགས་ཏེ་ཀྲུང་གོའི་གསར་བརྗེར་ལས་བྱེད་པ་གསོ་སྦྱོང་བྱས་པ་རེད། མོ་སི་ཁོ་ནས་ཕོ་བྲང་ཁེ་ལི་མུའུ་ལིན་གྱི་ལྷོ་ནུབ་བར་རྐང་ཐང་མར་སྐར་མ་10ལྷག་ཙམ་བསྐྱོད་རྗེས་ཀྱི་ས་ཆ་དེ་སྐབས་དེ་དུས་ཀྱི་ཀྲུང་ཧྲན་སློབ་ཆེན་གྱི་གནས་ཡུལ——ཝོར་ཧུང་ཁྲོམ་གཞུང་སྒོ་རྟགས་16པ་རེད། དེ་གར་དེ་སྔ་མོ་སི་ཁོའི་སློབ་འབྲིང་སྔ་ཤོས་ཏེ——མོ་སི་ཁོའི་ཞིང་བཙུགས་རིག་གནས་ཚན་ཁག་སློབ་འབྲིང་ཨང་དང་པོ་གནས་ཡུལ་ཡིན་པ་དང་། རྗེས་སུ་ཀྲུང་ཧྲན་སློབ་ཆེན་དུ་གྱུར་པ་རེད། དེང་སྐབས་ཐོག་ཁང་ཆེན་པོ་དེའི་སྒོ་རྟགས་16པ་དེ་བཀོག་ནས་ཀུང་སི་གཅིག་ལ་བདག་འདུག
         1926ལོའི་ཟླ་1ཚེས་1ཉིན། ཏེང་ཞའོ་ཕིང་དང་། ཧྥུ་ཀྲུང་། ལི་ཀྲུའོ་རན། ཏེང་ཧྲའོ་ཧྲེང་སོགས་མི་བཅུ་ཕྲག་ཁ་ཤས་མེ་འཁོར་ལ་བསྡད་ནས་ཧྥ་རན་སེ་ནས་ཁ་བྲལ་ཏེ་འཇར་མན་དང་ཕོ་ལན་བརྒྱུད་དེ་ཟླ་དང་པོའི་ཟླ་དཀྱིལ་དུ་མོ་སི་ཁོར་འབྱོར།
         དུས་ཐུང་ངལ་གསོ་བརྒྱབ་རྗེས། དབྱི་དབན·ཤེར་ཀེ་ཡེ་ཝུའོ་ཆི·ཏུའོ་ཙུའོ་ལུའོ་ཧྥུ་ཞེས་ཨུ་རུ་སུའི་མིང་བཏགས་པའི་ཏེང་ཞའོ་ཕིང་འཕྲལ་མར་བྲེལ་འཚུབ་ཆེ་བའི་སློབ་སྦྱོང་ལ་ཞུགས་པ་རེད། ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བའི་ཀྲུང་ཧྲན་སློབ་ཆེན་དུ་ཁོང་གིས་ཨུ་རུ་སུའི་སྐད་ཡིག་དང་། མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིག་པ། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གསར་བརྗེའི་ལས་འགུལ་ལོ་རྒྱུས། དམག་དོན་བྱ་བ་སོགས་ཀྱི་སློབ་ཚན་སྦྱངས་པ་དང་། སློབ་ལོ་གཉིས་ཡིན་ཞིང་གཟའ་འཁོར་རེར་སློབ་ཚན་ཉིན་6དང་ཉིན་རེར་ཆུ་ཚོད་8སློབ་སྦྱོང་བྱེད་ཀྱི་ཡོད།
         ཏེང་ཞའོ་ཕིང་སློབ་གྲྭར་ཞུགས་རྗེས། གུང་ཁྲན་རིང་ལུགས་ཀྱི་སློབ་གསོར་ཡིད་ཆེས་བརྟན་པོ་བྱེད་འགོ་ཚུགས་ཤིང་། སློབ་ཞུགས་ལོ་རྒྱུས་ནང་ཁོང་གིས“ང་དེ་སྔོན་ཡོ་རོབ་ནུབ་མར་ལས་ཀ་བྱེད་སྐབས་དུས་རྟག་ཏུ་ནུས་པ་མི་ལྡང་བའི་ཚོར་སྣང་སྐྱེ་ཡི་འདུག་པས། ང་ལ་སྔ་ས་ནས་ཨུ་རུ་སུར་སློབ་སྦྱོང་བྱེད་པར་འགྲོ་བའི་ཆོད་སེམས་ཡོད། ཨུ་རུ་སུར་ཉིན་གཅིག་སྡོད་ཐུབ་ན་ངས་ཞིབ་འཇུག་ཉིན་གཅིག་ཧུར་ཐག་བྱས་ནས་རང་ཉིད་ཀྱིས་གུང་ཁྲན་རིང་ལུགས་ལ་ངོས་འཛིན་ངེས་ཅན་ཞིག་ཡོང་བ་བྱེད་ངེས་ཡིན། ང་མོ་སི་ཁོར་ཡོང་སྐབས། ངས་རང་རེའི་ཏང་གི་རྗེས་སུ་འབྲང་རྒྱུའི་སེམས་ཐག་བཅད་པ་ཡིན། དུས་དེ་ནས་བཟུང་། ངས་ཏང་གི་སྦྱོང་བརྡར་དང་ལེན་དང་། ཏང་གི་བཀའ་ལ་ཉན་པ། ཐོག་མཐའ་བར་གསུམ་དུ་འབྱོར་མེད་གྲལ་རིམ་གྱི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བྲིས་གནང་ཡོད།
         ཀྲུང་ཧྲན་སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་མང་ཆེ་བ་རིགས་གཞུང་སློབ་སྦྱོང་བྱེད་དགོས་པ་དང་སློབ་མའི་དབར་ཕན་ཚུན་སྤེལ་རེས་བྱས་པ་དེས་རིགས་གཞུང་སློབ་སྦྱོང་ལ་ནུས་པ་གལ་ཆེན་ཐོན་ཡོད། ཏེང་ཞའོ་ཕིང་གིས་ཕྱོགས་ཁག་མི་འདྲ་བ་དང་། བསམ་བློ་མི་འདྲ་བ། རྒྱལ་ཁབ་མི་འདྲ་བ་བཅས་ཀྱི་སློབ་མའི་དབར་སྤེལ་རེས་བྱེད་སྐབས་རང་ངོས་ཀྱི་རིགས་གཞུང་ཆུ་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས། འབྱུང་འགྱུར་ཀྲུང་གོའི་གསར་བརྗེའི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད།
         དེ་དང་དུས་མཚུངས། ཀྲུང་གོའི་རྒྱལ་ནང་གི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། 1926ལོའི་ཟླ་7པར་བྱང་འདུལ་དམག་འཁྲུག་རྒྱག་འགོ་ཚུགས་པས། གོ་གུང་མཉམ་ལས་ཐེངས་དང་པོ་བྱེད་འགོ་ཚུགས། སྐབས་དེ་དུས་མོ་སི་ཁོར་བཞུགས་པའི་ཧྥུང་ཡུས་ཞང་མྱུར་དུ་རྒྱལ་ནང་དུ་ལོག་སྟེ་དམག་འཁྲུག་ལ་ཞུགས་པ་དང་གུང་ཁྲན་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཁོང་ལ་རོགས་སྐྱོར་ཚོགས་ཆུང་མངགས་ནས་ཁོང་གི་དཔུང་སྡེར་རྒྱབ་སྐྱོར་བྱས་པ་དང་། བློ་མཐུན་ཏེང་ཞའོ་ཕིང་དེར་ཞུགས་ནས་ཀྲུང་ཧྲན་སློབ་ཆེན་འགྲིམ་པའི་དུས་ཐུང་མཇུག་འགྲིལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།