འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་སི་ཁོས་མེ་ལན་ཧྥང་ལ་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མོ་སི་ཁོས་མེ་ལན་ཧྥང་ལ་དྲན་གསོ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། སྨྱུག་འཛིན་པས་མོ་སི་ཁོའི་ཨུ་རུ་སུ་མི་དམངས་མཛའ་གྲོགས་སློབ་ཆེན་དུ་རྩོམ་བྱང་ལ་《མེ་ལན་ཧྥང་སུའུ་ལེན་ལ་འཚམས་འདྲིར་བསྐྱོད་པ་ནས་རིག་གནས་སྤེལ་རེས་ཁྲོད་ཀྱི་གོ་འཛོལ་ལ་ལྟ་བ་》ཞེས་པའི་འཆད་ཁྲིད་ཅིག་བྱས་པ་ཡིན། སློབ་ཁང་ནས་ཐོན་མ་ཐག ཨུ་རུ་སུ་ཡོངས་སུ་ཟློས་གར་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་པཱ་ཧོ་ལོ་ཧྲེན་ཟློས་གར་རྟེན་རྫས་བཤམས་མཛོད་ཁང་དུ་རྩོམ་བྱང་ལ་《ཟློས་གར་ཁང་གི་མི་སྣ་དང་པོ·མེ་ལན་ཧྥང་དང་སུའུ་ལན་གྱི་ཟློས་གར་》ཞེས་པའི་འགྲེམས་སྟོན་འདུ་ཚོགས་ཤིག་སྤེལ་བཞིན་པ་ཐོས་བྱུང་། ཚེས་28ཉིན་སྨྱུག་འཛིན་པ་དགའ་དགའ་སྤྲོ་སྤྲོའི་ངང་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་ཅིང་། རྒྱལ་སྒོ་འཛུལ་མ་ཐག་འགྲེམས་ཁང་གི་སྦུག་ནས་གྲགས་ཡོང་བའི་མེ་ལན་ཧྥང་གི་སྙན་ཞིང་འཇེབས་པའི་དབྱངས་རྟ་ཐོས་བྱུང་།
         འགྲེམས་ཚོགས་ཀྱི་སྒོ་ཁར“འགྲེམས་སྟོན་ནས་མི་རྣམས་ཀྱིས་ཡོ་རོབ་ཀྱི་སྒྱུ་རྩལ་དང་གཏན་ནས་མི་འདྲ་བའི་སྙན་ཞིང་འཇེབས་པའི་ཀྲུང་གོའི་ཅིང་ཅུས་ཟློས་གར་དང་འཁྲབ་སྟོན་པ་རླབས་ཆེན་མེ་ལན་ཧྥང་གི་གསར་གཏོད་ལ་རྒྱུས་མངའ་ལོན་ཐུབ་པ་མ་ཟད། དུས་རབས་གོང་མའི་ལོ་རབས་30པའི་སྐབས་ཀྱི་སུའུ་ལེན་སྒྱུ་རྩལ་དང་མཉམ་འདྲེས་བྱས་པའི་ཁྲོད་ནས་ཟློས་གར་རིག་གནས་གཉིས་དབར་ཕན་ཚུན་ལ་ཐེབས་པའི་ཤུགས་རྐྱེན་དང་དེར་ལྡན་པའི་དེང་རབས་ཟློས་གར་གྱི་དོན་སྙིང་ལ་ཡང་རྒྱུས་མངའ་ལོན་ཐུབ”ཅེས་བྲིས་འདུག
         མེ་ལན་ཧྥང་ནི་1935ལོའི་ཟླ་3ཚེས་12ཉིན་མོ་སི་ཁོར་འབྱོར་བ་རེད། ཁོང་གི་གདོང་ལ་འཛུམ་གྱིས་ཁེངས་བཞིན་མེ་འཁོར་ལས་བབས་མ་ཐག་སུའུ་ལེན་ཕྱོགས་ཀྱི་མི་སྣའི་དགའ་བསུ་ཆེན་པོ་ཐོབ་པའི་པར་ཞིག་འགྲེམས་ཁང་གི་སྒོ་ཁའི་མངོན་གསལ་དོད་ས་ཞིག་ཏུ་བཀལ་འདུག་ཅིང་། དེའི་སྟེང་དུ་སུའུ་ལེན་གྱི་རི་མོ་མཁས་ཅན་ཞིག་གིས་བྲིས་པའི་མེ་ལན་ཧྥང་གི་འདྲ་རིས་གསོན་ཉམས་ལྡན་པ་ཞིག་ཀྱང་བཀལ་འདུག དེའི་ཐོག་ཏུ་སུའུ་ལེན་གྱི་རི་མོ་མཁས་ཅན་གྱིས་མཚན་བཀོད་ཡོད་པ་མ་ཟད། ད་དུང་མེ་ལན་ཧྥང་གིས་ཕྱག་བྲིས་གནང་བའི“མེ་ལན་ཧྥང”ཞེས་པའི་ཡི་གེ་གསུམ་ཡང་འདུག
         གཤམ་དུ་གྱང་ལྡེབས་ཞིག་ཡོད་པ་དེར“སྤེལ་རེས་གྱང་ལྡེབས”ཞེས་ཀྱང་བརྗོད་ཆོག་སྟེ། རྒྱུ་མཚན་ནི་གྱང་ལྡེབས་དེའི་ངོས་སུ་མེ་ལན་ཧྥང་གིས་1935ལོར་སུའུ་ལེན་ལ་འཚམས་འདྲི་ཞུ་སྐབས་ཟློས་གར་ལས་རིགས་ཀྱི་མི་སྣ་ཚོ་དང་མཉམ་དུ་བསྐྱོན་པའི་འདྲ་པར་འགྲེམས་སྟོན་བྱས་འདུག དེ་དག་ཁྲོད་དུ་ཟླ་3ཚེས་31ཉིན་སི་ཐན་ཉི་སི་ལཱ་ཧྥུའུ་སི་ཅིའི་ཁྱིམ་དུ་འཚམས་འདྲི་ཞུ་སྐབས་ཀྱི་མཉམ་དུ་བརྒྱབ་པའི་འདྲ་པར་དང་། ཟླ་4ཚེས་14ཉིན་མེ་ཡེ་ཧོ་ཏེ་ཟློས་གར་ཁང་དུ་ལྟ་སྐོར་གནང་སྐབས་མེ་ཡེ་ཧོ་ཏེ་དང་མཉམ་དུ་བརྒྱབ་པའི་འདྲ་པར། སུའུ་ལེན་གྱི་གློག་བརྙན་བཟོ་མཁས་ཅན་ཨེ་སེན་སི་ཐན་དང་། རྩོམ་པ་པོ་ཐེ་ལི་ཅི་ཡཱ་ཁེ་ཧྥུའུ། སྙན་ངག་པ་ཕཱ་སི་ཅེར་ནཱ་ཁེ་སོགས་སུའུ་ལེན་གྱི་རིག་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་མཉམ་དུ་བརྒྱབ་པའི་པར། ཨེ་སེན་སི་ཐན་གྱིས་ཅིང་ཅུས་ཟློས་གར་《འཇའ་ཚོན་གྱི་འགག་སྒོ་》གློག་བརྙན་དུ་ཕབ་སྐྲུན་བྱེད་སྐབས་མེ་ལན་ཧྥང་གིས་དཔེ་སྟོན་བྱེད་པའི་པར་དང་། དེ་བཞིན་ཁོང་རྣམ་གཉིས་ཀྱིས་སྤེལ་རེས་མཉམ་འགུལ་བྱེད་པའི་པར་སོགས་ཀྱང་འདུག
         《འཇའ་ཚོན་གྱི་འགག་སྒོ་》ཡི་མུ་འབྲེལ་པར་རིས་འགྲེམས་སྟོན་བྱ་ཡུལ་མངོན་གསལ་ཤིན་ཏུ་དོད། མི་རྣམས་ལ་རྒྱུས་མངའ་ཡོད་པའི་པར་རྒྱག་ཡུལ་གྱི་པར་རིས་ཏེ། ཨེ་སེན་སི་ཐན་གྱིས་ཀྲུང་གོའི་འཁྲབ་སྟོན་པ་གཉིས་ལ་མཛུབ་ཁྲིད་བྱེད་བཞིན་པའི་པར་རིས་ཕུད། ད་དུང་འཁྲབ་ཆས་གྱོན་པའི་མེ་ལན་ཧྥང་དང་ཨེ་སེན་སི་ཐན་དང་ཐེ་ལི་ཅི་ཡཱ་ཧྥུའུ་སོགས་མཉམ་དུ་བརྒྱབ་པའི་པར་འགའ་ཡང་འདུག པར་རིས་ཁྲོད་ཀྱི་ཐེ་ལི་ཅི་ཡཱ་ཧྥུའུ་ཡིས་མིག་ཤེལ་བརྒྱབ་པ་དང་མགོ་རིལ་བཟོས་པའི་སྣང་བརྙན་དེས་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་པར་བྱེད། ཁོང་ནི་མེ་ལན་ཧྥང་སུའུ་ལེན་ལ་འཚམས་འདྲི་ཞུ་བའི་བརྒྱུད་རིམ་ཁྲོད་ཀྱི་མི་སྣ་ཧ་ཅང་གལ་ཆེན་ཞིག་རེད།
         མེ་ལན་ཧྥང་སུའུ་ལེན་ལ་འཚམས་འདྲི་གནང་སྐབས། ཁོང་གིས་མོ་སི་ཁོ་དང་ལེ་ཉིང་ཀེ་ལེའི་ཚགས་པར་དང་དུས་དེབ་ཐོག་ཉུང་མཐར་ཡང་དཔྱད་གཏམ་7སྤེལ་བ་ནི་སུའུ་ལེན་གྱི་དཔྱད་གཏམ་མཁན་དང་ཤར་ཕྱོགས་རིག་པའི་རིགས་གཅིག་མཁས་ཅན་གཞན་དག་ལས་མང་བ་ཡོད། སྨྱུག་འཛིན་པས་མ་གཞི་གློག་བརྙན་པར་གཞི་《འཇའ་ཚོན་གྱི་འགག་སྒོ་》གང་དུ་ཡོད་མེད་བཙལ་ཏེ་པར་སློག་བརྒྱབ་ནས་རྒྱལ་ནང་དུ་ཞིབ་འཇུག་བྱ་རྒྱུར་འཁྱེར་དགོས་བསམས་ཀྱང་། ཨུ་རུ་སུའི་རྒྱལ་ཁབ་གློག་བརྙན་ཡིག་ཚགས་ཁང་ལ་ཁ་པར་རྒྱག་སྐབས་གློག་བརྙན་པར་གཞི་དེ་བརླགས་ཚར་བ་ཤེས་པས་བློ་ཕམ་ཆེན་པོ་བྱུང་།
         མེ་ལན་ཧྥང་སུའུ་ལེན་ལ་འཚམས་འདྲི་གནང་སྐབས། སུའུ་ལན་གྱི་རིག་རྩལ་ལས་རིགས་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་ཏུ་གནས་ཡོད། 1934ལོའི་ཟླ་8པར་སུའུ་ལེན་གྱིས་རྩོམ་པ་པོའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཏེ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་འཆམ་བྱུང་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དངོས་ཡོད་རིང་ལུགས་ནི་སུའུ་ལེན་རྩོམ་རིག་སྒྱུ་རྩལ་གྱིས་ངེས་པར་བརྩི་སྲུང་ཞུ་དགོས་པའི་གསར་རྩོམ་བྱ་ཐབས་ཤིག་ཡིན་པའི་གཏན་འབེབས་ཁ་གསལ་བྱས་ཡོད། དུས་བབ་དེ་འདྲའི་འོག ལུགས་མི་འདྲ་བའི་རྩོམ་པ་པོ་དང་སྒྱུ་རྩལ་པས་རང་གནོང་ལྡོག་ཤེས་དང་བསམ་གཞིག་བྱེད་པ་དེ་བཞིན་ཟློས་གར་ལས་རིགས་ཀྱིས་ཀྱང་དེ་འདྲ་བྱེད་བཞིན་ཡོད་པས། འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཞེས་པ་ལྟར་མེ་ལན་ཧྥང་གི་སྒྱུ་རྩལ་ལ་གདེང་འཇོག་ཇི་འདྲ་བྱེད་དགོས་མིན་ཐད་མི་སོ་སོར་ལྟ་སྟངས་མི་འདྲ་བ་རེ་ཡོད།
         1935ལོའི་ཟླ་4ཚེས་14ཉིན་ནི་མེ་ལན་ཧྥང་གི་ཟློས་གར་ཚོགས་པ་རྒྱལ་ནང་དུ་མ་ལོག་གོང་གི་ཉིན་མཐའ་མར། སུའུ་ལེན་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་མེ་ལན་ཧྥང་སོགས་ཀྲུང་གོའི་ཟློས་གར་མཁས་ཅན་སུའུ་ལེན་གྱི་ཟློས་གར་མཁས་ཅན་དང་བཞུགས་མོལ་གནང་བར་གདན་དྲངས་པ་དང་། མོ་སི་ཁོའི་སྒྱུ་རྩལ་ཟློས་གར་ཁང་གི་འཁྲབ་ཁྲིད་པ་གྲགས་ཅན་ཉི་སྨི་ལུའོ་ཝུའེ་ཆི—ཏན་ཆེན་ཁོའོ་ཡིས་མདོ་འཛིན་གནང་བའི་བཞུགས་མོལ་ཚོགས་འདུར་འཁྲབ་ཁྲིད་པ་གྲགས་ཅན་མེ་ཡེ་ཧོ་ཏེ་དང་། ཨེ་སེན་སི་ཐན། ཐ་དབྱི་ལུའོ་ཕུའུ། དེ་བཞིན་གྲགས་ཅན་འཁྲབ་སྟོན་པ་དང་རིགས་པའི་གཞུང་ལུགས་མཁས་པ་མང་པོ་ཞུགས་ཡོད། སྨྱུག་འཛིན་པས་ལོ་གཉིས་གོང་ཨུ་རུ་སུའི་རྒྱལ་ཁབ་ཡིག་ཚགས་ཁང་གིས་པར་སློག་བརྒྱབ་པའི་བཞུགས་མོལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་ལྟ་སྐབས། དེ་དུས་ཀྲུང་གོའི་ཁྲང་ཞིའི་ངོ་བོར་ངོས་འཛིན་ཇི་ལྟར་བྱེད་དགོས་མིན་དང་། ཁྲང་ཞི་དེང་རབས་ཅན་ལ་སྒྱུར་དགོས་མིན་དང་སྲོལ་རྒྱུན་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན། ཡོ་རོབ་ཀྱི་སྒྱུ་རྩལ་མཁས་པས་ཀྲུང་གོའི་ཁྲང་ཞིར་སློབ་སྦྱོང་བྱས་ནས་དཔེ་ཇི་ལྟར་ལྟ་དགོས་མིན་སོགས་ཀྱི་སྐོར་ལ་ཚོགས་ཞུགས་པས་གྲོས་བསྡུར་འཁྲུག་པོ་ཞིག་བྱས་འདུག
         འགྲེམས་སྟོན་ནས་ཁང་ནས་མེ་ལན་ཧྥང་གི་སྙན་འཇེབས་ལྡན་པའི་ཁྲང་ཞིའི་སྒྲ་ཐོས་འཛིན་བུ་གར་ཁྱབ་འོང་། དུས་ཚོད་རིམ་བཞིན་འདའ་བ་དང་། མེ་ལན་ཧྥང་སུའུ་ལེན་ལ་འཚམས་འདྲིར་ཕེབས་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་འདས་ཟིན་ནའང་། གྲོང་ཁྱེར་མོ་སི་ཁོ་རུ་མི་རྣམས་ཀྲུང་གོའི་པེ་ཅིང་ཁྲང་ཞིའི་སློབ་དཔོན་ཆེ་མོ་ཁོང་ལ་སྔར་བཞིན་དད་གུས་དང་རྗེས་དྲན་ཞུ་ཡི་ཡོད་པ་སྨྱུག་འཛིན་པར་མྱོང་ཚོར་ཟབ་མོ་བྱུང་། 
    ༄༅།།མོ་སི་ཁོས་མེ་ལན་ཧྥང་ལ་དྲན་གསོ་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།