འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཚེ་དབང་གི་འཛུམ་མདངས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། བོད་ལྗོངས་པ་སྣམ་རྫོང་བཀྲ་ཤར་ཤང་རྫོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཚེ་དབང་བཀྲ་ཤིས་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པའི་ཕུལ་བྱུང་ཏང་ཡོན་ལ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་རྗེས་འཕྲལ་དུ་གྲོང་ཚོར་ལོག་ཅིང་། གྲོང་ཚོར་འབྱོར་མ་ཐག་ཐད་ཀར་གྲོང་ཚོའི་ཨུ་ལྷན་གྱི་ཨར་ལས་ལས་ཡུལ་དུ་བསྐྱོད།
         “ཧྲུའུ་ཅི་ཚེ་དབང་ལགས་ལ་བྱ་དགའ་ཐོབ་པས་ང་ཚོར་གསོལ་སྟོན་ཤོམས་ཨང”
         “སྣང་དག་མེད། དོ་དགོང་ཆང་རྒྱགས་ཚད་སྟེར་ཆོག”ཅེས་ཨར་ལས་ལས་ཡུལ་དུ་ལྟ་ཞིབ་བྱེད་ཞོར་གྲོང་དཔོན་རྟ་མགྲིན་དང་ཁ་ཤོབ་ཤོད་རེས་བྱས།
         2012ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་པ་བཞི་ནས་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་5339གྲོང་ཚོའི་(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་མངགས་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ལས་བྱེད་པ་ཚེ་དབང་བཀྲ་ཤིས་ཀྱིས་རང་འགུལ་ངང་རེ་ཞུ་བྱས་ཏེ། ས་བབ་མཐོ་ཚད་སྨི་4500ཟིན་པའི་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་པ་སྣམ་རྫོང་བཀྲ་ཤར་ཤང་རྫོང་གྲོང་ཚོར་ཡོང་ནས་དེ་གའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱས་པ་རེད། དེ་ནས་བཟུང་ཁོང་རྒྱ་ཁྱོན་སྨི་ངོས་གྲུ་10ཙམ་ལས་མེད་པའི་ཤང་གི་གཞུང་ལས་ཁང་དུ་བསྡད་དེ་ཉིན་བཞིན་ཤང་དང་གྲོང་ཚོའི་བར་ཏུ་ཡར་རྒྱུགས་མར་རྒྱུགས་བྱས།
         ཚེ་དབང་བཀྲ་ཤིས་ཀྱིས་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་འཁུར་འཕྲལ་ངལ་གསོ་ཁོམ་མེད་པར་འཕྲལ་མ་ཉིད་དུ་དུད་ཚང་ཁག་ལ་བསྐྱོད་དེ་བརྟག་ཞིབ་དང་མཐིལ་རྟོགས་བྱས་ཤིང་། ཆབ་མདོར་སྐྱེས་པའི་ཚེ་དབང་བཀྲ་ཤིས་ནི་ཁམས་པའི་ཕོ་རྒོད་གྲུང་ཤ་དོད་པོ་ཞིག་ཡིན་ལ། ཁོང་གིས་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། འཚོ་བའི་ཆུ་ཚད་དམའ་བ། མི་རེའི་ཆ་སྙོམས་ཡོང་འབབ་དམའ་བ་སོགས་དང་། དེ་བཞིན་གྲོང་མི་ཚོའི་བསམ་པའི་ཉམས་འགྱུར་ཞན་པ་དང་། ངལ་རྩོལ་བརྩོན་སེམས་ཆུང་བ། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཚབས་ཆེ་བ། རང་ཉིད་ཀྱི་མདུན་ལམ་འཚོལ་རྒྱུ་དང་རང་མགོ་རང་འདོན་བྱ་རྒྱུར་བསམ་བློ་བཏང་མྱོང་མེད་པ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ནུས་སྟོབས་ཞན་པ་སོགས་གྲོང་ཚོའི་གནས་ཚུལ་མཐོང་རྗེས། དེ་སྔའི་གདོང་གི་འཛམ་མདངས་ཚང་མ་མྱུར་དུ་ཡལ།
         “ཧྲུའུ་ཅི་ཚེ་དབང་སླེབས་རྗེས་གྲོང་ཚོའི་ཏང་ཡོན་བྱེད་སྒོ་དེ་སྔ་དང་བསྡུར་ན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། བྱེད་སྒོ་སྤེལ་དུས་ཀྱང་རྒྱུན་མཐུད་ཅན་དུ་གྱུར་ཡོད། ཁོང་གིས་དུས་རྒྱུན་དུ་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱེད་དུ་བཅུག་པས་ད་ཆ་གྲོང་ཚོའི་ནང་དུ་ཏང་ཡོན་ཡིག་རྨོངས་བ་གཅིག་ཀྱང་མེད། དེར་བརྟེན་ཏང་ཡོན་ཚོའི་བརྩོན་སེམས་ཀྱང་དེ་སྔོན་ལས་ཧ་ཅང་ཆེ་རུ་ཕྱིན་ཡོད”ཅེས་ཚེ་དབང་བཀྲ་ཤིས་ཀྱི་དཔེ་སྟོན་སྣེ་ཁྲིད་འོག གྲོང་ཚོའི་ལས་བྱེད་པས་ནན་ཏན་སྤྱོད་ཚུལ་རིམ་བཞིན་བསྒྱུར་ནས་མང་ཚོགས་ལ་བྱ་བ་ནན་ཏན་བསྒྲུབས་པས་གཞི་རིམ་ལས་བྱེད་པའི་གཟུགས་བརྙན་ཡག་པོ་བཏོད་ཐུབ་པ་མ་ཟད། མང་ཚོགས་ཚོས་གྲོང་ཚོའི་ལས་བྱེད་པར་ཡིད་ཆེས་བྱེད་ཚད་ཀྱང་མཐོ་རུ་ཕྱིན་ནས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ལེགས་སུ་ཕྱིན་ཡོད་པ་རེད། ཁོང་གི་གྲོས་གཞི་དང་སྣེ་ཁྲིད་འོག་རྫོང་གྲོང་ཚོའི་ཏང་ཀྲི་པུས་བྱེད་ཐབས་བཏོན་ནས་དཀའ་ངལ་ཡོད་པའི་ཏང་ཡོན་ལ“གཅིག་གིས་གཅིག་ལ་རོགས་སྐྱོར་དང་། གཅིག་གིས་ཁ་ཤས་ལ་རོགས་སྐྱོར། ཁ་ཤས་ཀྱིས་གཅིག་ལ་རོགས་སྐྱོར”བཅས་བྱེད་པའི་ཁ་གཏད་འབྲེལ་གཏུག་གི་ལམ་ལུགས་ཀྱང་བཙུགས་པ་རེད།
         ཚེ་དབང་བཀྲ་ཤིས་ཀྱིས་ལག་ཞོར་དུ་ཟིན་དེབ་ཅིག་བཏོན་པའི་ཐོག“ཁྱིམ་བདག་དང་། མི་གྲངས། དབུལ་པོར་གྱུར་རྐྱེན”སོགས་ཀྱི་ཆ་འཕྲིན་མང་པོ་བྲིས་ཡོད་པ་དང་། དེ་དག་ལས་གལ་ཆེ་རིགས་ལ་རྟགས་བརྒྱབ་ཡོད་པ་རེད། “ང་ཚོས་གྲོང་ཚོའི་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་ནས། དུད་ཚང་དབུལ་པོའི་གཞི་གྲངས་དང་ཡིག་ཚགས་དང་གཱ་བཟོ་ཡུལ་ཁ་གསལ་བྱས་ཐོག་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་ཐད་གྲོང་ཚོ་རེར་སྲིད་ཇུས་རེ་དང་། དུད་ཚང་རེར་བྱེད་ཐབས་རེ་བཟོས་ཡོད”ཅེས་ཚེ་དབང་བཀྲ་ཤིས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
         འཚམས་འདྲི་བྱེད་ཐེངས་རེར་ཚེ་དབང་བཀྲ་ཤིས་ཀྱིས་གནས་ཚུལ་རེ་ཤེས་རྟོགས་ཐུབ་པ་སྟེ། གྲོང་ཚོའི་ནང་གི་བྱིས་པ་ཚོའི་སློབ་ཞུགས་གོང་གི་སློབ་གསོ་གཞི་རྩའི་ཆ་ནས་སྟོང་ཆར་ལུས་ཡོད་པ་རེད། དུས་ཡུན་རིང་པོར་སློབ་གསོའི་ཁོངས་གཏོགས་སུ་ལས་ཀ་བྱས་མྱོང་བའི་ཁོང་གིས་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པས། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་ཚོ་ཚང་མས་སྐད་གཉིས་བུ་བཅོལ་ཁང་འཛུགས་སྐྲུན་རྣམ་གྲངས་རེ་ཞུ་བྱེད་བཞིན་ཡོད་པ་གསལ་པོར་ཤེས་སྟབས། “ད་ཆ་ངའི་ལེགས་ཆ་འདོན་སྤེལ་བྱེད་ཐུབ”བསམ་ནས་དེ་སྔར་ཆབ་མདོ་སློབ་གསོ་ཅུས་རྣམ་གྲངས་གཞུང་དོན་ཁང་གི་ཀྲུའུ་རེན་བྱས་མྱོང་བའི་ཚེ་དབང་གིས་བུ་བཅོལ་ཁང་འཛུགས་སྐྲུན་རྣམ་གྲངས་རེ་ཞུའི་བརྒྱུད་རིམ་གསལ་པོར་ཤེས་པས། དུས་ཐུང་ལོ་གཅིག་ནང་དུ་རྣམ་གྲངས་རེ་ཞུ་དང་། མ་དངུལ་གྲབས་གསོག ས་ཆ་འདེམས་པ། ས་ཆ་བསྡུ་བ་སོགས་ནས་བུ་བཅོལ་ཁང་འཛུགས་སྐྲུན་བཅས་བར་ཚང་མ་ལེགས་སྒྲུབ་བྱས་ནས་ཁོར་ཡུག་མཛེས་ལ། སློབ་ཁྲིད་སྒྲིག་བཀོད་སྔོན་ཐོན་ཡིན་པ། ཕན་ནུས་ཆ་ཚང་བ་བཅས་ཀྱི་སློབ་ཕྲུག་50ལྷག་ཙམ་ཤོང་བའི་བུ་བཅོལ་ཁང་ཞིག་བསྐྲུན་པ་རེད། དེ་ནས་ཡུན་རིང་མ་འགོར་བར་རྫོང་གྲོང་ཚོ་དང་དེ་བཞིན་དེའི་མཐའ་འཁོར་གྱི་གྲོང་ཚོ་དག་གི་བྱིས་པ་ཚོ་སོ་སོའི་སྒོ་ཁ་ནས་བུ་བཅོལ་ཁང་དུ་འགྲོ་ཐུབ་པ་བྱུང་བ་རེད།
         “གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས། མང་ཚོགས་དབུལ་པོར་དབུལ་སྒྲོལ་བྱེད་རོགས་བྱེད་དགོས་པ་ཕུད། ད་དུང་གྲོང་ཚོ་ཧྲིལ་པོའི་མང་ཚོགས་ལ་ཕྱུག་འགྱུར་སྣེ་ཁྲིད་དང་ཁོང་ཚོའི‘རང་རྟེན’གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་ངའི་ལས་འགན་དང་འོས་འགན་ཡིན”ཞེས་བཤད་པ་བཞིན། ཚེ་དབང་བཀྲ་ཤིས་ཀྱིས་སོ་སོའི་འགན་འཁྲིར་ངོས་འཛིན་གཏིང་ཟབ་བྱུང་ཡོད་པ་རེད། ལོ་གཉིས་རིང་བརྟག་ཞིབ་བྱས་པ་བརྒྱུད་ཁོང་གིས་རྫོང་གྲོང་ཚོ་དབུལ་སྒྲོལ་བྱེད་དགོས་ན་གྲོང་ཚོའི་ནང་དུ“རང་རྟེན”ནུས་པ་ལྡན་པའི་ཐོན་ལས་ཤིག་དགོས་པ་ཤེས་རྟོགས་བྱུང་བ་རེད།
         རྩྭ་རའི་རྒྱ་ཁྱོན་ལ་ཚད་ཡོད་པ་དང་མ་དངུལ་ཁ་ཐང་བས། ཐོན་ལས་གང་ཞིག་གིས་གྲོང་མི་ཚོ་དབུལ་སྒྲོལ་བྱ་རྒྱུར་རོགས་རམ་བྱེད་ཐུབ་བམ། བརྟག་ཞིབ་དང་ཚད་འཇལ་རྒྱུན་ཆད་མེད་པ་བྱས་མཐར། ཚེ་དབང་བཀྲ་ཤིས་དང་གྲོང་ཚོ་ནས་གམ་པའི་ལུག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་བདམས་པ་རེད། གཞིས་རྩེ་ས་ཁུལ་དུ་གསོས་པའི་གམ་པའི་ལུག་གི་ཤ་སྤུས་དག་པོ་ཡོད་པར་འཛད་སྤྱོད་པའི་དགའ་ཞེན་བྱེད་པ་དང་ཁྲོམ་རའི་ཐོག་མཐོང་ཆེན་པོ་ཡོད། ཚེ་དབང་བཀྲ་ཤིས་ཀྱིས་ས་ཕྱོགས་གང་སར་སྐད་ཆ་འདྲི་བར་བསྐྱོད་མཐར། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་ནས་སྒོར་ཁྲི་62ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་རེ་ཞུ་ཐུབ་པ་དང་། ཡང་ཁོང་གིས་གམ་པའི་ལུག་དེ་དག་གཅིག་སྡུད་གསོ་ཚགས་བྱེད་དམ་ཡང་ན་དུད་ཚང་སོ་སོར་སྤྲོད་མིན་གྱི་གསོ་ཚགས་བྱེད་ཐབས་ལ་འཆར་གཞི་འགོད་འགོ་བརྩམས་ཏེ། རྙིང་རལ་དུ་སོང་བའི་ཁོང་གི་ཟིན་དེབ་ཐོག་ཡིག་རིས་ཟིན་བྲིས་འགོད་བཞིན་རྣམ་གྲངས་དང་དབུལ་སྐྱོར་ལས་ཀ་ཟུང་འབྲེལ་དམ་ཟབ་ཇི་ལྟར་བྱས་ཏེ་ཚད་ཡོད་ཀྱི་རྣམ་གྲངས་མ་དངུལ་གནད་ལ་འཁེལ་ཐུབ་མིན་ལ་བསམ་བློ་གཏོང་འགོ་ཚུགས། བགྲང་བྱ་འགའི་འབད་བརྩོན་བརྒྱུད་འདི་ལོར་མི་རེར་ཡོང་འབབ་སྒོར་6000ཟིན་བཟོ་ཡོད་པས། རྩིས་དེ་རྒྱག་རིམ་བཞིན་ཚེ་དབང་བཀྲ་ཤིས་ཀྱི་ངོ་གདོང་ལས་འཛུམ་མདངས་འཕྱུར།
         ད་ཆ། མི་ཕྱུགས་ཀྱི་འཐུང་ཆུའི་ལས་གྲྭ་བསྐྲུན་ཟིན་པ་དང་། གསར་དུ་བརྒྱབ་པའི་གྲོང་ཚོ་ཨུ་ལྷན་སྤྱོད་འགོ་ཚུགས་པ། གྲོང་ཚོའི་བུ་བཅོལ་ཁང་དུ་སློབ་བསྡུ་བྱེད་འགོ་ཚུགས་པ། གམ་པའི་ལུག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་འགོ་ཚུགས་པ་སོགས་དོན་དངོས་རེ་རེ་བཞིན་བསྒྲུབས་ཟིན་པས། ཁོང་ཡངས་དཀྱེལ་ཆེའི་ཁམས་པའི་ཕོ་རྒོད་ཚེ་དབང་བཀྲ་ཤིས་ཀྱི་ངོ་གདོང་ལས་སྔར་གྱི་འཛུམ་མདངས་སླར་ཡང་རྒྱས། 
      

    ཕྱོགས་བསྡུས་གསར་འགྱུར།