འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་བ་བོད་ནས་འགྲོ་འོང་བྱེད་པའི་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ་བྲིན་ཁ་
    རྒྱུག་ཅིང་དཀོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ལྟ་བོད་དུ་ཡུལ་སྐོར་བྱེད་མཁན་མང་ཤོས་ཀྱི་དུས་ཡིན་པས་བོད་དུ་ཡུལ་སྐོར་བྱེད་མཁན་ཆེས་ཆེར་མང་དུ་ཕྱིན་ནས་བོད་ནས་འགྲོ་འོང་བྱེད་པའི་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ་བྲིན་ཁ་རྒྱུག་ཅིང་དཀོན་པོ་ཡོད།
         བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བོད་དུ་ཡུལ་སྐོར་བྱེད་མཁན་མང་ཤོས་ཀྱི་དུས་ཚིགས་ནི་ལོ་ལྟར་གྱི་ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ཡིན་ཞིང་། དེའི་རིང་བོད་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བའི་གྲངས་འབོར་དུས་རྒྱུན་ལས་མང་བ་ཡོད། གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་687ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་70ཟིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         ཚེས་7ཉིན། གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་སྤ་སེ་འཚོང་སའི་ཚོམས་ཆེན་དུ་མི་བརྒྱ་གྲངས་གྲལ་སྒྲིག་ནས་སྤ་སེ་ཉོ་བཞིན་ཡོད་པ་དང་། ཡུལ་སྐོར་བ་མང་པོས་ཚོམས་ཆེན་གྱི་གློག་རྡུལ་བརྡ་གཏོང་བྱང་བུའི་ཐོག་གི་སྤ་སེའི་ལྷག་གྲངས་ཆ་འཕྲིན་ལ་ཡང་ཡང་ལྟ་བཞིན་ཡོད་པ་མཐོང་བྱུང་། པེ་ཅིང་ནས་ཡོང་བའི་སྐུ་ཞབས་པའེ་ལགས་ཀྱིས་ཚེས་12ཉིན་ཁྲེང་ཏུའུ་རུ་བསྐྱོད་པའི་ཉལ་ཁྲིའི་འཁོར་སྒྲོམ་གྱི་སྤ་སེ་ཉོ་རྩིས་ཡོད། དེ་གར་སླེབས་རྗེས་ཚེས་12ཉིན་གྱི་སྤ་སེ་ཉིན་20གོང་ནས་བཙོངས་ཟིན་པ་དང་ཟླ་རྗེས་མའི་སྤ་སེའང་བཙོངས་ཟིན་པ་གཞི་ནས་ཤེས་པ་རེད།
         གསར་འགོད་པས་12306སྤ་སེ་འཚོང་བའི་དྲ་ཚིགས་ནང་ཞུགས་རྗེས། སླད་ཕྱིན་ཉིན་20ནང་ཚུན་གྱི་ལྷ་ས་ནས་པེ་ཅིང་བར་གྱི་ཉལ་ཁྲིའི་འཁོར་སྒྲོམ་སྤ་སེ་གཞི་རྩའི་ཆ་ནས་བཙོངས་ཟིན་པ་དང་། ལྷ་ས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་བར་དང་། ཧྲང་ཧའེ་དང་པེ་ཅིང་ནས་ལྷ་ས་བར་གྱི་མེ་འཁོར་སྤ་སེ་སྣ་ཚོགས་གཞི་རྩའི་ཆ་ནས་བཙོངས་ཟིན་པ་ཤེས་བྱུང་།
         གཞན་ཡང་། བོད་ལྗོངས་མཁའ་འགྲུལ་དང་ལྷོ་ཕྱོགས་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་མང་པོའི་ལས་དོན་མི་སྣས་གསར་འགོད་པར་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཡུལ་སྐོར་བ་སྐྱོད་མཁན་མང་བའི་མཁའ་ལམ་ལམ་ཐིག་ཁ་ཤས་ཀྱི་སྤ་སེའི་ཁྲོད་སྤྱིར་ན་རིན་གོང་བཅག་པ་གཅིག་ཀྱང་མེད། “གལ་སྲིད་རིན་གོང་བཅག་པའི་སྤ་སེ་ཡོད་ནའང་རིན་གོང་གཅོག་ཚད་ཆུང་ཆུང་རེད”ཅེས་བཤད་བྱུང་།
         ཚེས་7ཉིན། གསར་འགོད་པས་ཞེ་ཁྲེང་དྲ་ཚིགས་ནང་ཞུགས་རྗེས་ཉིན་10ནང་ཚུན་གྱི་ལྷ་ས་ནས་པེ་ཅིང་བར་གྱི་སྤ་སེ་ཚང་མའི་རིན་གོང་བཅག་མེད་ལ་སྤ་སེའང་ཉུང་ཉུང་ལས་མེད་པ་མ་ཟད། ད་དུང་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན་བཅས་བར་དུ་བསྐྱོད་པའི་སྤ་སེ་ཧ་ཅང་དཀོན་པོ་ཡོད་པ་རྟོགས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།