འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྲེ་ཅ་ཀེ་ཡན་ལག་ཚོགས་པའི་ལོ་ཚོགས་ནང་ཀྲུང་ཨའི་
    ཕྱོགས་གཉིས་ཀྱི་མ་འཇོག་ཐད་གྲོས་བསྡུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན་ཨ་རིའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྲེ་ཅ་ཀེའི་ཡན་ལག་ཚོགས་པའི་2016ལོའི་ལོ་ཚོགས་ཀྲེ་ཅ་ཀེར་འཚོགས་ཤིང་། ཚོགས་ཞུགས་མི་སྣ་ཚོས་གང་འདྲ་བྱས་ཏེ་ཀྲུང་ཨའི་དབར་གྱི་ཕྱོགས་གཉིས་ཀྱི་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་བསྡུར་བྱས་པ་རེད།
         ཨ་རིའི་ཙུང་ཐུང་ཨོ་པ་མས་ལོ་ཚོགས་ལ་བཏང་བའི་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཨ་རི་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་གཉིས་ཡིན་པས། ངེས་པར་དུ་ཕན་ཚུན་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལོ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དཔལ་འབྱོར་ཚོང་དོན་གྱི་གོ་སྐབས་ཀྱི་སྒོ་མོ་ཕྱེ་བ་དང་དུས་མཚུངས་ང་ཚོར་ཨ་ཀྲུང་དབར་གྱི་དགེ་མཚན་ལྡན་པའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན། ཧ་ཅང་གང་འགངས་ཆེན་པོ་ཡིན་པའི་དྲན་སྐུལ་བྱས་ཡོད་ཅེས་བཤད།
         ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་དང་ཨ་རིའི་ཚོང་དོན་པུའུ་ཀྲང་ཕུའུ་ལི་ཚེ་ཁེས་ཀྱང་ལོ་ཚོགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་ཞིང་། ཚུའེ་ཐེན་ཁའེ་ཡི་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་ཨའི་དབར་གྱི་ཕྱོགས་གཉིས་པོའི་མ་འཇོག་དེ་ལས་ཞུགས་མང་དུ་གཏོང་རྒྱུ་དང་དཔལ་འབྱོར་དེ་བས་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་ཡོད། ཕུའུ་ལི་ཚེ་ཁེའི་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་བྱས་པར་བརྟེན། ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པའི་ཐོག་ཨ་རིར་ལས་ཞུགས་ཀྱི་གོ་སྐབས་བཏོད་པས། རྒྱལ་ཁབ་གཉིས་ཀྱི་ངོས་ནས་བརྗོད་ན། དེ་ནི་གཉིས་ཁེའི་བྱ་བ་ཞིག་ཡིན་ཅེས་བཤད་ཡོད།
         ཨ་རིའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྲེ་ཅ་ཀེའི་ཡན་ལག་ཚོགས་པའི་ཚོགས་གཙོ་དབན་ཤང་མེ་གླིང་བྱང་མའི་ཀུང་སིའི་ཙུང་ཚའེ་ཉི་ཕིན་གྱིས་ཚོགས་ཞུགས་མི་སྣར་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔྱད་ཡིག་ལ་གཞིགས་ན། ད་ཕན་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་བྱ་རྒྱུའི་ཐད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐད་ཀར་ཐུབ་ཡོད་པ་དང་2015ལོར་ཨ་སྒོར་དུང་ཕྱུར་150ཡི་ཟིན་ཐོ་བཏོད་ཡོད།
         ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཁྲུའུ་ཡི་གཞུང་ཚབ་པ་ཀྲུའུ་ཧུང་དང་། ཨ་རིའི་སྨི་ཤེ་ཀེན་ཀྲོའུ་ཡི་ཀྲོའུ་ཀྲང་སི་ནེ་ཏེ། ཀྲེ་ཅ་ཀེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧུང་ལེ་བཅས་ལོ་ཚོགས་ནང་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཨ་རིའི་དབུས་ནུབ་རྒྱུད་ཀྱི་ཀྲོའུ་ཁག་གི་ཚོང་དོན་ཐིང་གི་འཐུས་མི་དང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་400ཙམ་ལོ་ཚོགས་ནང་ཞུགས་ཡོད་པ་རེད།
         2005ལོར་བཙུགས་པའི་ཨ་ཀྲུང་སྤྱི་ཁྱབ་ཚོང་ཚོགས་ནི་ཨ་ཀྲུང་མ་འཇོག་ཁེ་ལས་ཀྱི་ཁེ་གཉེར་རང་བཞིན་མིན་པའི་རྩ་འཛུགས་ཤིག་ཡིན་པ་དང་ཀྲེ་ཅ་ཀེའི་ཡན་ལག་ཚོགས་པ་དེ་2015ལོར་བཙུགས་ཤིང་། ཨ་རིའི་དབུས་ནུབ་ས་ཁུལ་ཀྲོའུ་ཡི་ཀྲུང་གོའི་མ་འཇོག་ཁེ་ལས་200ཙམ་ལ་ཁྱབ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།