འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ལྕགས་རི་རིང་པོ་སྲུང་སྐྱོབ་བྱེད་པའི་ཁྲིམས་འཛིན་མ་ལག་གཙོ་གནད་ཐོག་འཐུས་ཚང་
    དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་ལྕགས་རི་རིང་པོ་སྲུང་སྐྱོབ་སྲོལ་ཡིག་ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་ཞིང་། ཚེས་4ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཤིན་ཁྲའོ་ཡིས་པེ་ཅིང་དུ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཉིན་ཤས་གོང“ལྕགས་རི་རིང་པོའི་ཁྲིམས་འཛིན་ཆེད་དོན་ལྟ་ཞིབ”ལས་དོན་སྤེལ་འགོ་ཚུགས་ནས་ལྕགས་རི་རིང་པོ་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་གི་འགན་འཁྲིར་ལྟ་སྐུལ་དོན་འཁྱོལ་བྱེད་པ་དང་། ལྕགས་རི་རིང་པོ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ལས་དོན་འཐུས་ཚང་དུ་གཏོང་བ། ལྕགས་རི་རིང་པོར་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གྱི་རྒྱུན་གཏན་ཅན་གྱི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ལྕགས་རི་རིང་པོ་དང་དེའི་ལོ་རྒྱུས་ཀྱི་རྣམ་པར་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ལྕགས་རི་རིང་པོ་སྲུང་སྐྱོང་དང་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད་ཅེས་གསུངས།
         ཉིན་ཤས་གོང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དང་། ཧོ་པེ། ཀན་སུའུ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྡེ་ཚན་བཅོ་ལྔར་《ལྕགས་རི་རིང་པོར་ཁྲིམས་འཛིན་ཆེད་དོན་ལྟ་ཞིབ་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་ཁྲིམས་ལྟར་གཏན་འཁེལ་བྱས་པའི་ལྕགས་རི་རིང་པོའི་དུམ་མཚམས་སུ་ལྕགས་རི་རིང་པོ་སྲུང་སྐྱོབ་བྱ་རྒྱུའི་སྲོལ་ཡིག་ལྟར་ལྕགས་རི་རིང་པོར་ཕྱོགས་ཡོངས་ནས་ཁྲིམས་འཛིན་ཞིབ་བཤེར་གྱི་ལས་དོན་སྤེལ་ཏེ་ལྕགས་རི་རིང་པོའི་དུམ་མཚམས་ཀྱི་རྫོང་(ཆུས)404རུ་གཅིག་གྱུར་བཀོད་སྒྲིག་དང་ཁྱོན་ཡོངས་ལ་ཁྱབ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         “ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཐད་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཞིང་ཆེན་རིམ་པས་རང་བཤེར། སྐབས་འགར་དཔེ་འཐེན་བརྟག་དཔྱད་བཅས་བྱ་རྒྱུ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་པ་དང་འབྲེལ་དུས་མཚམས་བཞི་ལ་ཕྱེ་ནས་ལས་དོན་སྤེལ་ཡོད” སུང་ཤིན་ཁྲའོ་ཡིས་ཟླ་9ཚེས་20ཉིན་ནས་ཚེས་30ཉིན་བར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ལྟ་ཞིབ་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ལྕགས་རི་རིང་པོའི་རྒྱུད་ཀྱི་ཞིང་ཆེན་དུ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱ་རྒྱུ་དང་འབྲེལ་ཞིང་ཆེན་རིམ་པའི་རང་བཤེར་དང་རྫོང་ཁོངས་ཀྱི་དཔེ་འཐེན་བརྟག་དཔྱད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཞིང་ཆེན་ཁག་གིས་ལྕགས་རི་རིང་པོ་སྲུང་སྐྱོབ་བྱེད་པའི་གནས་ཚུལ་ལ་ཚད་གཞི་བཟོས་ཏེ་ལྟ་ཞིབ་ཀྱི་སྙན་ཞུ་བཟོ་རྒྱུ་དང་འབྲེལ་ཞིང་ཆེན་རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་དུ་ཕུལ་དགོས་པ་དང་། གནད་དོན་མངོན་གསལ་དོད་པ་དང་ཚད་གཞི་དམའ་བའི་རིགས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་བརྡ་ཁྱབ་གཏོང་རྒྱུ། ས་གནས་ས་ཐོག་ཏུ་ལྟ་ཞིབ་མཇུག་སྒྲིལ་རྗེས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཞིང་ཆེན་15ཡི་གནས་ཚུལ་ཕྱོགས་སྒྲིག་བྱས་ཏེ་ཆེད་དོན་སྙན་ཞུ་བཟོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོང་ཕུལ་ཞུ་རྒྱུ་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།