འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་ས་ཁུལ་གྱི་རྨ་ཆུ་རྩྭ་ཐང་རྒྱུད་ཀྱི་སྔོ་འགྱུར་བྱེ་འཇགས་ལས་གྲྭར་ཕན་འབྲས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྨ་ཆུ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་ས་ཁུལ་དུ་གནས་པའི་རྫོང་ཞིག་ཡིན་ལ་འཛམ་གླིང་དུ་འདམ་ར་ཆེས་འཐུས་ཚང་མངའ་བའི་གྲས་ཤིག་ཡིན། རྨ་ཆུ་འདི་ག་ནས་བརྒྱུད་དེ་ཆུ་རྩའི་ཆུ་རྒྱུག་ཚད་བསྡོམས་འབོར་གྱི་58.7%ཟིན་གྱི་ཡོད་པར་བརྟེན། “རྨ་ཆུའི་མཁལ་མ”ཞེས་པའི་མཚན་སྙན་ཡོད། ལོ་མང་རིང་འབད་བརྩོན་བྱས་པར་བརྟེན་རྨ་ཆུ་རྩྭ་ཐང་གི་སྔོ་འགྱུར་བྱེ་འཇགས་ལས་གྲྭར་ཕན་འབྲས་ཐོན་ཡོད།
         རྨ་ཆུ་རྫོང་ཁོངས་སུ་སྤྱི་ལེ་ངོས་གྲུ་ཁྲི་1.28ཟིན་པའི་རྩྭ་ཐང་དང་མུའུ་ཁྲི་562ཟིན་པའི་འདམ་ར་ཡོད་ཅིང་། དེ་ནི་མཚོ་བོད་ས་མཐོའི་ཆེས་གདོད་མ་དང་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་འདམ་རྫབ་ཅན་གྱི་འདམ་ར་ཡིན། འོན་ཀྱང་དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་ཕྱུགས་འཚོ་ཚད་ལས་བརྒལ་བ་དང་ཨ་བྲའི་གནོད་འཚེ་དང་དེ་བཞིན་བྱེ་རླུང་ཚབས་ཆེན་ལྡང་ནས་རྨ་ཆུ་རྩྭ་ཐང་དེ་ལོ་ལྟར་3.1%གི་མྱུར་ཚད་ཐོག་ནས་བྱེ་མར་འགྱུར་བ་དང་འདམ་ར་འབོར་ཆེན“ས་ནག་ཐང”དུ་གྱུར། བསྡོམས་རྩིས་བྱས་པ་ལྟར་ན། དུས་རབས་གོང་མའི་ལོ་རབས་60པར་རྨ་ཆུ་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་45ཡོད་པ་དང་ད་ཆ་སྤྱི་ཆིང་ཁྲི་30ལྷག་ཙམ་ལས་ལྷག་མེད།
         འདམ་ར་དང་སྣོད་བཅུད་ཀྱི་རིགས་གཅིག་མཁས་ཅན་ཁ་ཤས་ཀྱི་མིག་ལམ་དུ་རང་བྱུང་རྒྱུ་ནོར་གྱི་རིན་ཐང་ངམ་ཡང་ན་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་ཀྱི་ཟུར་ཚད་གང་ནས་བལྟས་རུང་། ཀྲུང་གོའི་སྣོད་བཅུད་སྲུང་ཡོལ་གྱི་འཛུགས་སྐྱོང་རྣམ་པའི་ཁྲོད་རྨ་ཆུ་རྩྭ་ཐང་དང་འདམ་རའི་ཚོགས་དེར་གཙོ་གནད་ཐོག་སྲུང་སྐྱོང་བྱེད་དགོས། འོན་ཀྱང་རྩྭ་ཐང་དང་འདམ་རའི་ཚོགས་ནི་འབྲོག་པའི་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་ཡིན་པ་དང་། སྣོད་བཅུད་སྲུང་སྐྱོང་ཆེད་འདི་གར་འཚོ་བ་སྐྱེལ་བའི་འབྲོག་པ་རྣམས་ཀྱིས་རང་ཉིད་ཀྱི་འཕེལ་རྒྱས་བར་སྟོང་ཆུང་དུ་མ་བཏང་ཀ་མེད་ཡིན་པ་རེད།
         སྣོད་བཅུད་སླར་གསོ་དང་བོད་ཁུལ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་འགལ་བ་ཐག་གཅོད་འོས་འཚམ་བྱས་ནས་ཁོང་ཚོའི“ཐོན་རྫས་ཉུང་དུ་ཕྱིན་ཡང་ཡོང་འབབ་ཉུང་དུ་མི་འགྲོ་བའི”ཆེད། ཡུལ་དེ་གའི་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་གསར་སྤེལ་གྱི་གོམ་སྟབས་མགྱོགས་སུ་བཏང་བ་དང་། ཟས་གོས་གནས་མལ་སོགས་ཀྱི་ཐད་ནས་ཡུལ་སྐོར་ལ་མཁོ་སྤྲོད་ནུས་ལྡན་བྱེད་མང་དུ་བཏང་བ་མ་ཟད། རྩྭ་ཐང་དཀར་སྒྱུར་དང་མཛེས་སྒྱུར་ལས་གྲྭ་ལག་བསྟར་བྱས་ནས་རི་ཆུ་ལག་མཐིལ་ཙམ་དང་རྩྭ་ཐང་ལེབ་མོ་ཙམ་ཡང་མཛེས་ལྗོངས་སུ་བཅོས་པ་དང་། བོད་རིགས་མང་ཚོགས་ལ་ཁྲིད་སྟོན་གྱིས་ནོར་ལུག་ཚོང་མཁན་ནས“ཡུལ་ལྗོངས་ཚོང་མཁན”དུ་བསྒྱུར་ཡོད། སྲིད་ཇུས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་འོག་བོད་རིགས་མང་ཚོགས་སྔར་བས་མང་བའི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བྱེ་འགོག་དཔུང་ཆེན་ནང་རང་ཤུགས་སུ་ཞུགས་འགོ་ཚུགས་པ་རེད། 2015ལོར་ཕྱུགས་རྩྭ་མུའུ་ཁྲི་5གསབ་འདེབས་བྱས་པ་དང་། ཡུན་ཧྲན་གསོམ་ཤིང་སྡོང་རྐང་ཁྲི་1དང་གླང་མ་སྡོང་རྐང་ཁྲི་8བཙུགས་ཁར་རྨ་ཆུའི་འགྲམ་གྱི་བྱེ་འགྱུར་ས་ཆའི་སྡོང་ཕྲུག་སྐྱེ་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་དང་ཕྱུགས་རྩྭ་སྐྱེ་ཚད་70%ཟིན་ཡོད་པ་རེད།
         བོད་ཁྱིམ་སྤྲོ་ཁང་དང་བོད་ཁྱིམ་ཡུལ་སྲོལ་འགྲུལ་ཁང་མེད་པ་ནས་ཡོད་པར་གྱུར། སྒྲོལ་མ་སྐྱབས་ཀྱི་རྩྭ་སར་ན་ནིང་ནས་བཟུང་ནོར་ལུག་མི་འཚོས་པར་འགྲུལ་ཁང་ཞིག་གཉེར་ཡོད། ན་ནིང་སྒྲོལ་མ་སྐྱབས་ཀྱིས་རང་གི་དངུལ་བཏོན་ནས་རྩྭ་ཐང་མུའུ་40ལ་བྱེ་འགོག་བྱས་པ་དང་ད་ལོ་མུའུ་150ཟིན་ཞིང་། ཁོང་གིས་སང་ལོར་གྲངས་ཀ་དེ་ལས་ད་དུང་མང་དུ་གཏོང་རྩིས་ཡོད་ཅེས་བཤད།
         ཡུལ་དེ་གའི་ཞིང་འབྲོག་ལས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་འགོ་ཁྲིད་ཀྱིས་བལྟས་ན། “རྨ་ཆུའི་མཁལ་མ”སྲུང་སྐྱོང་བྱེད་པར་ས་གནས་ཀྱི“རང་ངོས་སྐྱོབ་བཅོས”ནུས་པ་ཁོ་ནར་བརྟེན་ན་གཏན་ནས་མི་འགྲིག་པས། “སྤྱིར་ན་རྩྭ་བཀག་དང་ཕྱུགས་འཚོ་མཚམས་འཇོག་པ་དེ་རྨ་ཆུར་ལག་བསྟར་བྱས་ནས་ཚད་ལོན་ནའང་། རྩྭ་ཐང་གི་ཕྱུགས་འཚོ་ཚད་ནི་སྔར་བཞིན་སྣོད་བཅུད་སྲུང་སྐྱོང་གི་དགོས་མཁོའི་བར་ཧེ་བག་ངེས་ཅན་ཡོད”ཅེས་རྨ་ཆུ་རྫོང་ཕྱུགས་ལས་ནགས་ལས་ཅུས་ཀྱི་ཅུས་ཀྲང་ལྷ་མོ་སྐྱབས་ཀྱིས་བཤད། ཁོང་གིས་མིག་སྔར་རྨ་ཆུ་རྩྭ་ཐང་གི་དོན་དངོས་ཀྱི་ཕྱུགས་ཟོག་འཚོ་ཚད་ནི་སྔར་བཞིན་སྲུང་སྐྱོང་དགོས་མཁོའི་50%ལས་བརྒལ་ཡོད། ཁོང་གིས་བལྟས་ན། གནད་དོན་དེ་ཐག་གཅོད་བྱེད་དགོས་ཚེ་འབྲོག་པར་ཆེས་གདོད་མའི་ནོར་ལུག་གསོ་སྤེལ་རྐྱང་པའི་ཕྱུག་འགྱུར་ལ་མི་བརྟེན་པར་ཐོན་ལས་སྦྲེལ་ཐག་རིང་གཏོང་དང་ལས་སྣོན་ཟབ་མོ་གོང་འཕེལ་བཏང་ཐོག་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནོར་ལུག་རེའི་རིན་ཐང་མཐོ་རུ་གཏོང་དགོས།
         རྨ་ཆུ་རྩ་ཐང་གི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་རྩྭ་ཐང་གང་སར་ནོར་བུ་ཡོད་པ་དང་། རང་བཞིན་གྱིས་འཕེལ་བའི་ནོར་ལུག་ཕུད་ད་དུང་དཀོན་ཟོག་ཡིན་པའི་རྩྭ་ཐང་གི་ཤ་མོ་དང་སྨན་རྩྭ་གྲགས་ཅན་ཡོད་ནའང་། དེ་དག་ནི་མང་ཚོགས་ཕྱུག་འགྱུར་གྱི་ཡོང་ཁུངས་གཙོ་བོར་གྱུར་མེད། “རྨ་ཆུ་རྩྭ་ཐང་དུ་ཕྱི་རོལ་གྱི་སྟོབས་ཤུགས་སྔར་བས་མང་བར་བརྟེན་ནས་ང་ཚོ་དང་མཉམ་དུ‘ལྗང་མདོག་གསར་སྤེལ’བྱེད་རྒྱུར་རེ་སྒུག་བྱེད་ཀྱི་ཡོད”ཅེས་ལྷ་མོ་སྐྱབས་ཀྱིས་བརྗོད།
         ད་ཆའི་རྨ་ཆུའི་འདམ་ར་ནི་ལོ་རེ་ནས་ལོ་རེར“མཁྲེགས་པོར”འགྱུར་བ་དང་འདམ་རྫབ་ཀྱི་ས་བབ་དམའ་ཞིང་རློན་པའི་སྤང་ཐང་གི་སྔོ་ཁེབས་དེ་རིམ་གྱིས་ཐན་འབྲིང་དུ་སྐྱེས་པའི་ས་མཐོའི་སྔོ་ཁེབས་ལ་འགྱུར་བཞིན་ཡོད་པ་དང་། སྣོད་བཅུད་ཁོར་ཡུག་ཧ་ཅང་ཞན་པོར་གྱུར་པ་དང་སྦྲགས་རྨ་ཆུས་རྩྭ་ཐང་ཟད་ཆེ་བས་འགྲམ་རྒྱུད་བྱེ་འགྱུར་རྒྱུན་མི་ཆད་པར་ཆེ་རུ་འགྲོ་བའི་ཐད། བཅོས་སྐྱོང་བྱས་ན་མ་དངུལ་འབོར་ཆེན་གཏོང་དགོས་པ་མ་ཟད་ཆེད་ལས་ཀྱི་ཚན་ཞིབ་སྐུལ་ཁྲིད་བྱེད་དགོས། དགའ་འོས་པ་ཞིག་ནི་རྨ་ཆུའི་རྒྱུག་ལམ་གཙོ་བོས་ཟད་ཆེ་བའི་རྩྭ་ཐང་གཏོར་སྐྱོན་ཐད་རྒྱལ་ཁབ་ཀྱིས་མཐོང་ཆེན་བྱས་པ་དང་། མིག་སྔར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.57བཏང་བའི་རྨ་ཆུ་རྒྱུག་ཡུལ་གཙོ་བོའི་ཆུ་ལམ་དུམ་བུའི་ཆུ་ལོག་འགོག་བཅོས་ལས་གྲྭ་གསར་སྤེལ་འཛུགས་སྐྲུན་བྱས་ཁར་ཆུ་རགས་དང་། ངོགས་སྲུང་། ལམ་སྲུང་གཟར་ངོས་སོགས་ལས་གྲྭའི་བྱེད་ཐབས་བསྐྲུན་པ་བརྒྱུད་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་རྩྭ་ཐང་སྣོད་བཅུད་ཇེ་སྡུག་ཏུ་འགྲོ་བར་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།