འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས་ཕུགས་རེའི་ཐབ་ཚང་450རོགས་སྐྲུན་བྱས་པས་དགེ་སློབ་ཁྲི་22ལྷག་ཙམ་
    ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན་ཀོང་ཤིས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2016ལོའི“ཏོན་ཧོ་ཕུགས་རེའི་ཐབ་ཚང”ཀོང་ཤིས་རྣམ་གྲངས་མ་བྱན་གསོ་སྦྱོང་འཛིན་གྲྭ་ནན་ཉིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་འཚོགས་ཤིང་། ནན་ཉིང་གྲོང་ཁྱེར་དང་ཧོ་ཁྲེ་གྲོང་ཁྱེར་ནས་ཡོང་བའི“ཏོན་ཧོ་ཕུགས་རེའི་ཐབ་ཚང”40ཡི་དོ་དམ་པ་དང་མ་བྱན་74དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་ནང་ཞུགས་པ་རེད། མིག་སྔར། ཀོང་ཤིས་ཀྱིས་མ་དངུལ་སྒོར་ཁྲི་2600གྲབས་གསོག་བྱས་ནས་རང་སྐྱོང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་14དང་རྫོང་(ཆུས)47ལ་ཕུགས་རེའི་ཐབ་ཚང་450རོགས་སྐྲུན་བྱས་པར་དགེ་སློབ་ཁྲི་22ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
         ཀོང་ཤིས་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་ཚུན། ཀོང་ཤིས་ཀྱི་གྲོང་གསེབ་སློབ་གྲྭ་13500ལྷག་ཙམ་གྱིས་སྤྱིར་ན་ཟ་ཁང་ནས་ཟ་མ་སྤྲོད་ཀྱི་ཡོད་མོད། འོན་ཀྱང་སློབ་གྲྭ་མི་ཉུང་བ་ཞིག་གི་ཟ་ཁང་ཆ་རྐྱེན་ཞན་པ་དང་སྒྲིག་ཆས་སྐྱོ་བ་དང་། ཐབ་ཚང་གཞི་རྩའི་འཛུགས་སྐྲུན་གྱི་ཚད་གཞི་མ་ལོན་པ། གློག་ཤུགས་སྒྲིག་ཆས་ཆ་མི་ཚང་བ། མ་བྱན་གྱི་གླ་ཆ་དམའ་བ། ཆུ་གློག་དང་འབུད་ཤིང་རིན་པ་མཐོ་བ་སོགས་ཀྱི་གནད་དོན་ཡོད་པ་རེད། “ཕུགས་རེའི་ཐབ་ཚང”གི་སྤྱི་ཕན་རྣམ་གྲངས་ཀྱིས་གྲོང་གསེབ་སློབ་གྲྭར་ཐབ་ཚང་ཚད་ལྡན་ཅན་འཛུགས་སྐྲུན་དང་། འཁོར་རྒྱུག་མ་གནས་དམའ་རུ་གཏོང་བ། མ་བྱན་གྱི་ལག་རྩལ་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་སློབ་གྲྭའི་དེང་རབས་ཅན་གྱི་ཐབ་ཚང་དགོས་མཁོ་བསྐངས་པ་དང་། སློབ་མ་ཚོར་ཟ་མ་དེ་བས་ཞིམ་པ་ཟ་རྒྱུ་ཡོད་པ་དང་ཆུ་དེ་བས་གཙང་བ་འཐུང་རྒྱུ་ཡོད་པ་བྱས་པ་རེད།
         བརྟག་དཔྱད་བྱས་པར་གཞིགས་ན། མིག་སྔར། ཀོང་ཤིས་ཀྱི་གྲོང་གསེབ་སློབ་གྲྭའི་ཟ་ཁང་གི་མ་བྱན་མང་ཆེ་བར་ཆེད་ལས་གསོ་སྦྱོང་ཐོབ་མྱོང་མེད་པས་གཞི་རྩའི་གཡོས་སྦྱོར་ཤེས་བྱ་ཁོང་དུ་ཆུད་མེད་པ་དང་འཚོ་བཅུད་སྡེབ་སྦྱོར་བྱེད་ཐུབ་ཀྱི་མེད་ལ་བཟའ་བཅའི་འཕྲོད་བསྟེན་གྱི་བདེ་འཇགས་ཤེས་བྱའང་ཤེས་ཀྱི་མེད། ཤེས་བྱ་དང་རྒྱུ་ཆ་སོགས་ཀྱི་ཚོད་འཛིན་ཕོག་ནས་ཀོང་ཤིས་གྲོང་གསེབ་སློབ་གྲྭའི་ཟ་ཁང་གི་ཟ་མ་རྟག་ཏུ་སྣ་ཁ་གཅིག་རྐྱང་ཡིན་པས་སློབ་མའི་ལྟོ་བ་རྒྱགས་ཙམ་ལས་དགོས་ངེས་ཀྱི་འཚོ་བཅུད་འདང་གི་མེད། ད་ཐེངས་ཀྱི་གསོ་སྦྱོང་ནང“བརྩེ་བ་གཞོན་ནུ་ལོ་ཆུང་ལ་བཅངས་ནས་འཚོ་བཅུད་ཁ་གསབ་བྱེད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་དམིགས་ཡུལ་ནི་སློབ་གྲྭའི་ཐབ་ཚང་གི་སྒྲིག་ཆས་ཆ་རྐྱེན་ལེགས་སུ་གཏོང་བའི་རྨང་གཞིའི་ཐོག་གྲོང་གསེབ་སློབ་གྲྭའི་འཚོ་བཅུད་ཟ་མ་སྡེབ་སྦྱོར་བྱེད་ནུས་དང་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།