འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རིམ་པ་Ⅲཔའི་ཆུ་ལོག་སྔོན་འགོག་འཕྲལ་བསྟུན་བྱ་ཐབས་སྤྱོད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 16:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་རིང་དྲག་ཆར་བབ་པའི་གནོད་སྐྱོན་བྱུང་བར་བརྟེན་ཟླ་7ཚེས་16ཉིན་གྱི་ཆུ་ཚོད་16དང་སྐར་མ་40སྟེང་བོད་རང་སྐྱོང་ལྗོངས་ཀྱིས་རིམ་པ་Ⅲཔའི་ཆུ་ལོག་སྔོན་འགོག་འཕྲལ་བསྟུན་བྱ་ཐབས་སྤྱོད་འགོ་བརྩམས་པ་མ་ཟད། ད་དུང་ལས་དོན་ཚོགས་ཆུང་གཉིས་མངག་གཏོང་བྱས་ནས་གཞིས་ཀ་རྩེ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་ས་ཁུལ་སོགས་སུ་ཉེན་སེལ་གེགས་སྐྱོབ་ལས་དོན་ལ་མཛུབ་སྟོན་བྱེད་པར་བསྐྱོད་པ་རེད། 
    གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞོད་ཟོན་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལས་དོན་ཚོགས་ཆུང་གཉིས་ཚེས་17ཉིན་གྱི་ཆུ་ཚོད་9ཡི་སྟེང་ལྷ་ས་གྲོང་ཁྱེར་ནས་རྡོག་ཐོན་ཏེ་གེགས་ཐེབས་ས་ཁུལ་དངོས་སུ་བསྐྱོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཞོད་ཟོན་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གིས་དགོས་མཁོ་དང་བསྟུན་ནས་ཆུ་ལོག་སྔོན་འགོག་ཁ་གསབ་རོགས་དངུལ་མཐུན་སྦྱོར་གཤམ་སྤྲོད་དང་ཆུ་ལོག་སྔོན་འགོག་གེགས་སེལ་དངོས་རྫས་དུས་ཐོག་ཏུ་གཏོང་སྤྲོད་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འགོ་འཛིན་གཞོན་པ་དང་ཞོད་ཟོན་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་ཀོང་ཐུང་ལིའང་གིས་མཚམས་སྦྱོར་བྱས་པ་ལྟར་ན། གནམ་གཤིས་དང་ཆུ་དཔྱད་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་བ་6པའི་ཟླ་མཇུག་ནས་ཟླ་བ་7པའི་བར་བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་ཆུ་འབབ་ཚད་ཅུང་མང་བ་དང་། ཚོད་དཔག་ལྟར་ན། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཀླུ་ཞལ་(奴下)ཆུ་དཔྱད་ས་ཚིགས་དང་། རྫ་ཆུའི་ཆབ་མདོ་ཆུ་དཔྱད་ས་ཚིགས། རྒྱ་མོ་རྔུལ་ཆུའི་ཞབས་གཡས་ཟམ་པའི་ཆུ་དཔྱད་ས་ཚིགས་བཅས་སུ་ཆུ་ལོག་ཆེ་ཙམ་འབྱུང་རྒྱུ་ཡིན་པ་དང་། ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ལྷ་རྩེ་ཆུ་དཔྱད་ས་ཚིགས་དང་། ནུའུ་ཀེ་ཧྲ་(奴各沙)ཆུ་དཔྱད་ས་ཚིགས། སྐྱིད་ཆུའི་ལྷ་ས་ཆུ་དཔྱད་ས་ཚིགས་བཅས་སུ་རྒྱུན་ལྡན་གྱི་ཆུ་ལོག་འབྱུང་རྒྱུ་ཡིན་པས་ཆུ་ལོག་སྔོན་འགོག་གི་གནས་བབ་ཛ་དྲག་ཆེན་པོ་རེད། 
         ཆུ་ལོག་ཆེན་པོ་སྔོན་འགོག་དང་ཉེན་སྐྱོབ་གནོད་སེལ་ཆེན་པོར་ཁ་གཏད་པའི་གྲ་སྒྲིག་ལས་ཀ་བྱ་ཕྱིར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔ་རྗེས་སུ་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་གཉིས་འཚོགས་ནས་བཀོད་སྒྲིག་བྱས་པ་དང་། མིག་སྔར་གྲོང་ཁྱེར་དང་ས་ཁུལ་ཁག་གིས་རིམ་པ་རེ་རེ་བཞིན་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་གྲ་སྒྲིག་གི་ལས་ཀ་ཚང་མ་འཐུས་ཚང་བྱས་ནས་ཆུ་ལོག་འགོག་པའི་ གྲ་སྒྲིག་ལེགས་པོ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་འདི་ལོའི་ཟླ་བ་5པའི་ཟླ་དཀྱིལ་ནས་བཟུང་ཁྱོན་ཡོངས་ནས་ཆར་ཆུ་མང་བའི་དུས་སུ་སླེབས་ཡོད་ཅིང་། འཆར་ཅན་གྱི་ལོ་ལས་ཉིན་21སྔ་སྣུར་དུ་བྱུང་ཡོད་པས་གནམ་གཤིས་ཟིན་ཐོ་ཡོད་པ་ནས་བཟུང་གི་ཆེས་སྔ་བའི་ལོ་ཞིག་རེད། ཆུ་འབྲུབ་པའི་དུས་སླེབས་པ་ནས་བཟུང་བོད་ལྗོངས་ཡོངས་སུ་ཚད་མི་འདྲ་བའི་ཆུ་ལོག་དང་ཞོད་སྐྱོན་བྱུང་ཞིང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཡང་ཡང་འབྱུང་བ་དང་། མང་པོ་འབྱུང་བ། གློ་བུར་དུ་འབྱུང་བ་སོགས་ཀྱི་གནས་ཚུལ་ཐོན་པ་རེད། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི་རྫོང་(ཆུས་)74ཁྲོད་དུ་60ལ་ཚད་མི་འདྲ་བའི་ཆུ་ལོག་དང་ཞོད་སྐྱོན་བྱུང་ཞིང་གྱོང་གུན་བྱུང་ཚུལ་སྒོར་དུང་ཕྱུར་3ལས་བརྒལ་བ་རེད།
         ཚོད་དཔག་བྱས་པ་ལྟར་ན། ཟླ་བ་8པ་ཤར་བའི་རྗེས་སུ་བོད་ལྗོངས་ཀྱི་ནག་ཆུ་ས་ཁུལ་དུ་ཆར་ཆུ་ཅུང་མང་བ་ལས་ས་ཁུལ་གཞན་དག་ཏུ་ཆར་ཆུ་འབབ་ཚད་ཅུང་ཉུང་དུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།