འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》འགྲེམས་སྤེལ་མཛད་སྒོ་
    དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་གསེར་ཆེན་རྫོང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་15ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》འགྲེམས་སྤེལ་མཛད་སྒོ་
དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་གསེར་ཆེན་རྫོང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་གྱི་ཕྱི་དྲོར་གསེར་ཆེན་རྫོང་(共和县)བོད་ཀྱི་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་གཙོ་གཉེར་གནང་བའི་《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》འགྲེམས་སྤེལ་མཛད་སྒོ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་གསེར་ཆེན་རྫོང་གི་ཚོགས་འདུ་ལྟེ་གནས་སུ་འཚོགས་པ་རེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་ལྷོ་ཁུལ་སྲིད་གྲོས། གསེར་ཆེན་རྫོང་གི་ཏང་ཨུ་དང་། སྲིད་གཞུང་། མི་དམངས་འཐུས་ཚོགས། རྫོང་སྲིད་གྲོས་སོགས་ལས་ཁུངས་ཀྱི་འགོ་ཁྲིད་དང་། ཨ་རིའི་ཧ་ཝོར་ཏི་སློབ་ཆེན་(Harvard University)དང་། ཀྲུང་དབྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ཉི་དར་རྒྱས་དགོན་བཅས་ཀྱི་བོད་རིག་པའི་མཁས་པ་སོགས་ཆེད་ལས་མཁས་པ་དང་མཁས་དབང་། འབྲེལ་ཡོད་ཕྱོགས་ཀྱི་མི་སྣ་ཁྱོན་མི་50ལྷག་ཙམ་གདན་ཞུས་ལྟར་འགྲེམས་སྤེལ་མཛད་སྒོ་དང་བཞུགས་མོལ་ཚོགས་འདུར་ཞུགས་གནང་བ་རེད།
          སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་ནི་ཆིང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་བསྟན་པའི་མངའ་བདག་དང་། གསོ་རིག་མཁས་པ། སྐར་རྩིས་མཁས་པ། ལོ་རྒྱུས་རིག་པ་བ། སྲིད་དོན་གཉེར་མཁན་བཅས་ཡིན་ལ། རང་རྒྱལ་གྱི་བོད་རིག་པ་ལས་རིགས་ཀྱི་རིག་གནས་སློབ་དཔོན་ཆེ་མོ་ཡང་ཡིན་པས། ཁོང་གི་གསུང་རྩོམ་ནི་ཆིང་རྒྱལ་རབས་དུས་ཀྱི་བོད་རིག་པའི་ལོ་རྒྱུས་ཐོག་གི་རྡོ་རིང་ཆེན་པོ་ཞིག་རེད་ཅེས་བརྗོད་ཆོག ཁོང་གིས་སྐུ་ཚེ་ཧྲིལ་པོར་བརྩམས་པའི་གསུང་རྩོམ་དུ་ནང་བསྟན་གྱི་སྐོར་དང་། ལོ་རྒྱུས། སྙན་ངག སྐད་བརྡ་རྩོམ་རིག གསོ་དཔྱད། སྐར་རྩིས་སོགས་འདུས་པས། ནང་དོན་གྱི་ཁྱབ་རྒྱ་ཆེ་ལ་གཏིང་ཟབ་ཅིང་། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ལས་རིགས་སུ་སྙན་གྲགས་ཧ་ཅང་ཆེན་པོ་ཁྱབ་ཡོད། ཁོང་གི་མི་ཚེ་ཧྲིལ་པོར་བསྟན་པ་དར་སྤེལ་དང་། བཀའ་ཆོས་གསུང་བརྗོད། མཆོད་རྟེན་དང་དགོན་སྡེ་བཞེངས་པ། ལམ་བཟོ་ཟམ་རྒྱག་སོགས་མཛད་པས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་ཀྱི་ཡོད། དུས་མཚུངས་སུ་ཁོང་གིས་རྗེས་རབས་པ་ཚོར་རིན་ཐང་བྲལ་བའི་བསམ་པའི་རིག་གནས་ཤུལ་དངོས་བཞག་ཡོད་པས། མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་རིག་གནས་དང་བྱམས་སེམས་ཆེན་པོ་ལྡན་པའི་རྡོ་རིང་མི་ནུབ་པ་ཞིག་བཞག་ཡོད།
         ཉེ་ཆར་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》ཞེས་པའི་དཔེ་ཚོགས་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། ཁྱོན་བམ་པོ་20དང་། གསུང་རྩོམ་85། ཡིག་འབྲུ་ཁྲི་800ལྷག་ཡོད། ནང་དོན་ལ་ནང་བསྟན་དང་། ལོ་རྒྱུས། རྣམ་ཐར། རྩོམ་རིག སྐར་རྩིས། བོད་ཀྱི་གསོ་དཔྱད་སོགས་འདུས་ཡོད། ཁོང་ཉིད་ནི་མཚོ་སྔོན་གྱི་ལོ་རྒྱུས་ཐོག་གི་རིག་གཞུང་ལས་རིགས་ཐོག་གི་གསུང་རྩོམ་བརྩམས་པ་དང་གཞུང་ལུགས་ཀྱི་སྲོལ་འབྱེད་མཁན་ཨང་དང་པོ་རེད་ཅེས་བརྗོད་ཆོག་ལ། ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོའི་ཁོངས་ནས་འཁྲུངས་པའི་མིང་གྲགས་ཆེ་ཤོས་ཀྱི་རིག་གནས་མཁས་པ་ཞིག་ཡིན་ཞིང་། ཁོང་གིས་བོད་རིགས་ཀྱི་སྲོལ་རྒྱུ་རིག་གནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གནང་ཡོད་པ་མ་ཟད། མཚོ་སྔོན་གྱི་ལོ་རྒྱུས་ཡིག་རིགས་ཁ་སྐོང་དང་འཐུས་ཚང་དུ་གཏོང་བར་ཡང་མཛད་རྗེས་ཆེན་པོ་བཞག་ཡོད། དུས་མཚུངས་སུ་ཁོང་ཉིད་ཀྱིས་དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མི་དྲག་དང་འབྲེལ་བ་ཟབ་མོ་ཡོད་པར་བརྟེན་ནས་བོད་དང་སོག་པོའི་བར་གྱི་འབྲེལ་བ་ཇེ་ཟབ་དང་མི་རིགས་མཐུན་སྒྲིལ་ཡོང་བར་ཡང་མཛད་རྗེས་རླབས་ཆེན་བཞག་ཡོད་པ་རེད། ༼ ལྕགས་མཚོ་ཐར་གྱིས། ༽
    ༄༅།།《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་ཕྱོགས་བསྒྲིགས་》འགྲེམས་སྤེལ་མཛད་སྒོ་
དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་གསེར་ཆེན་རྫོང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།