འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་ལྔ་པའི་མཚོ་སྔོན་པོ་བསྐོར་བའི་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་བཅོ་ལྔ་པའི་མཚོ་སྔོན་པོ་བསྐོར་བའི་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། སྐབས་བཅོ་ལྔ་པའི“མཚོ་སྔོན་ཞིང་ལས་ཡིད་རྟོན་བུམ་པའི”མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་བྱེད་འགོ་ཚུགས་པ་རེད། འགྲན་དུམ་དང་པོའི་བར་ཐག་སྤྱི་ལེ་113ཡོད་པའི་ཟི་ལིང་གྲོང་ཁྱེར་བསྐོར་བའི་འགྲན་བསྡུར་བྱེད་འགོ་ཚུགས་ནས། འཛམ་གླིང་ས་གནས་ཁག་གི་རུ་ཁག་23གྱི་ལུས་རྩལ་པ་161ཛ་དྲག་ལ་ངོ་མཚར་ཆེ་བའི་ས་མཐོའི་གཞུང་ལམ་རྐང་འཁོར་གྱི་འགྲན་བསྡུར་ནང་ནུས་ཤུགས་ཡོད་རྒུས་ཞུགས་པ་རེད།
         འགྲན་བསྡུར་དངོས་དེ་ཟླ་7ཚེས་17ནས་ཚེས་30ཉིན་བར་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་གསུམ་(རང་སྐྱོང་ལྗོངས་)དུ་བྱ་རྒྱུ་རེད། འགྲན་ཡུན་ཁྱོན་ཉིན་14སྟེ། འགྲན་དུམ་13བཀོད་སྒྲིག་བྱས་པ་དང་ངལ་གསོ་ཉིན་1བྱས་ཡོད། སྤྱིའི་ལམ་ཚད་བར་ཐག་སྤྱི་ལེ་3631ཟིན་པའི་ནང་། འགྲན་བསྡུར་གྱི་བར་ཐག་སྤྱི་ལེ་1921དང་འགྲན་དུམ་བརྗེ་བའི་བར་ཐག་སྤྱི་ལེ་1710ཚུད་ཡོད། སྐབས་གོང་མ་དང་བསྡུར་ན་སྐབས་འདིའི་འགྲན་བསྡུར་དེ་འགྲན་ཞུགས་རྐང་འཁོར་རུ་ཁག་གི་གྲངས་འབོར་དང་། ལམ་ཐིག་འཆར་འགོད། འགྲན་བསྡུར་འཁོར་སྐྱོད་སོགས་ཡིན་ནའང་འདྲ་ཡང་ན་དྲིལ་བསྒྲགས་གང་ཞིག་ཡིན་རུང་དེ་བས་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་ཡོད་པ་རེད།
         མིང་འགོད་རུ་ཁག་གིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། སྐབས་འདིའི་འགྲན་བསྡུར་ནང་རྒྱལ་ཁབ་རུ་ཁག་དང་ས་ཁུལ་རུ་ཁག་ཞུགས་མི་ཆོག ལས་རིགས་རུ་ཁག་གིས་མིང་ཐོ་འགོད་ཆོག འཛམ་གླིང་གི་རུ་ཁག་70ཡིས་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་དང་གདམ་གསེས་བྱས་པ་བརྒྱུད་གླིང་ཆེན་ལྔ་ཡི་རྒྱལ་ཁབ་དང་ས་ཁུལ་17ནས་ཡིན་པའི་འཛམ་གླིང་ལས་རིགས་རུ་ཁག་དང་། ཀྲོའུ་དང་ཀྲོའུ་དབར་གྱི་ལས་རིགས་རུ་ཁག ཀྲོའུ་དང་ཀྲོའུ་དབར་གྱི་རུ་ཁག་བཅས་23གྱི་ལུས་རྩལ་པ་161འགྲན་བསྡུར་ནང་ཞུགས་པ་དེ་སྐབས་གོང་མ་དང་བསྡུར་ན་འགྲན་ཞུགས་རུ་ཁག་གཅིག་མང་དུ་ཕྱིན་པ་དང་ཕྱི་རྒྱལ་གྱི་རྐང་འཁོར་རུ་ཁག་གིས་རྐང་འཁོར་རུ་ཁག་བསྡོམས་འབོར་གྱི་80%བཟུང་ཡོད་པ་རེད།
         ལམ་ཐིག་འཆར་འགོད་དེ་བས་ཚན་རིག་དང་མཐུན་པ། རྒྱལ་སྤྱིའི་འགྲན་བསྡུར་གྱི་འཆར་འགོད་གཞིར་བཟུང་། འགྲན་དུམ་ལམ་ཐིག་དང་འགྲན་བསྡུར་དཀའ་ཚད་སོགས་ཐད་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། ཞིང་ཆེན་ལམ་བུ་དང་གྲོང་གསེབ་ཀྱི་གཞུང་ལམ་མུ་མཐུད་མང་དུ་བཏང་ཐོག་མཇུག་གནས་གྱེན་འཛེག་འགྲན་བསྡུར་དང་སྒེར་གྱི་དུས་ཚོད་བརྩི་བའི་འགྲན་བསྡུར་བཀོད་སྒྲིག་འོས་འཚམ་བྱས་ཡོད་པ་རེད། དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ཆེ་ཞིང་། གཙོ་རྒྱུན་སྨྱན་སྦྱོར་གྱི་དྲིལ་བསྒྲགས་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་ཆབས་ཅིག་སྨྱན་སྦྱོར་གསར་པ་དང་། ཆེད་ལས་སྨྱན་སྦྱོར། སྨྱན་སྦྱོར་བརྒྱུད་གཏོང་བཅས་མངོན་པ་བྱས་ནས། དྲ་ཐོག་སྨྱན་སྦྱོར་ཚན་པ་65ཡི་གསར་འགོད་པ་200དང་དྲ་ཕྱིའི་གསར་འགོད་པ་700ཟིན་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཧའོ་ཕུང་གིས་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་མཚོ་སྐོར་འགྲན་བསྡུར་དེ་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་ནས། ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་སྤྱིའི་ལུས་རྩལ་སྤུས་རྟགས་ཅིག་ཏུ་གྱུར་བ་མ་ཟད། ད་དུང་འཛམ་གླིང་སྐྱེ་བོ་ཀུན་ལ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བརྗིད་ཆགས་ལ་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་སྣོད་བཅུད་རིན་ཐང་དང་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་དང་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་མངོན་ཡོད་ཅེས་གསུངས་པ་རེད།
         མཚོ་སྐོར་འགྲན་བསྡུར་ལ་དམིགས་ནས་འགྲན་དོན་གཙོ་གཉེར་ཕྱོགས་ཀྱིས་ད་དུང་རྒྱལ་ཡོངས་ཀྱི་ལས་ཞོར་མཉམ་འབྲེལ་འགྲན་བསྡུར་དང་། རྐང་འཁོར་དགའ་ནེའུ་དུས་ཆེན། རི་ཞིང་མྱུར་འགོར་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་ཆབས་ཅིག་ཏུ་སྤེལ་ཏེ་ཆེད་ལས་འགྲན་བསྡུར་དང་མང་ཚོགས་ཞུགས་རྒྱུ་གཉིས་ཟུང་འབྲེལ་དམ་ཚགས་བྱུང་བ་དེས་དམངས་ཡོངས་ལུས་སྦྱོང་ནང་ཞུགས་པའི་ཚ་རླབས་ཤིག་འཕྱུར་རྒྱུ་དང་མཚོ་སྔོན་དེ་ཉིད་རྐང་འཁོར་ལུས་རྩལ་པའི་ཞིང་ཆེན་དུ་སྐྲུན་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད།
         རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཀྲི་ཏན་གྱིས་མཚོ་སྐོར་འགྲན་བསྡུར་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལོ་15ཡི་རིང་གི་སྐྱེད་སྲིང་དང་གསར་གཏོད་བྱས་པ་བརྒྱུད་ཀྲུང་གོའི་མི་རིགས་ལུས་རྩལ་གྱི་རྒྱལ་སྤྱིའི་སྤུས་རྟགས་འགྲན་དོན་དང་པོ་ཡིན་པའི་མཚོ་སྐོར་འགྲན་བསྡུར་དེ་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་དྲིལ་བསྒྲགས་དང་མངོན་པ་བྱེད་པའི་ལས་སྟེགས་དང་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཏེ། ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་དབར་མཉམ་ལས་བྱས་ནས་འགྲན་བསྡུར་བྱེད་སྒོ་སྤེལ་བའི་གྲུབ་འབྲས་ལྡན་པའི་དཔེ་མཚོན་ཞིག་བཏོད་ཡོད། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། རིག་གནས་སྤེལ་རེས། ས་ཁོངས་མཉམ་ལས། མཐུན་སྦྱོར་མཉམ་ཐོན་བཅས་ལ་སྐུལ་འདེད་གཏོང་རྒྱུར་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།