འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཀེན་ཐིན་གྱི་ཞིང་ལས་ལྟེ་བའི་ཁུལ་ནས་ཀྲུང་ཨའི་མཉམ་ལས་ཀྱི་སྒུལ་ཤུགས་ཚོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཨ་ཀེན་ཐིན་ནི་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཞིག་ཡིན་པས། ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཚན་རྩལ་ཐད་ལེགས་ཆ་ཆེ་ཙམ་ལྡན་ཡོད། ཀྲུང་གོར་མི་འབོར་མང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པས། བཟའ་བཅའི་གྲངས་འབོར་དང་སྤུས་ཚད་ཐད་ཀྱི་རེ་བ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་སྐུལ་འདེད་འོག་ཀྲུང་ཨའི་ཞིང་ལས་ཁྱབ་ཁོངས་ཀྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ཐད་མཉམ་ལས་བྱེད་པའི་རྣམ་པ་རིམ་བཞིན་ཆགས་ཡོད།
         ལོ་ས་ལི་ཨའོ་ནི་ཨ་ཀེན་ཐིན་གྱི་ཞིང་ལས་ལྟེ་བའི་ཁུལ་ཡིན་ཞིང་། གལ་སྲིད་གྲོང་ཁྱེར་དེ་ལྟེ་བར་བྱས་ཏེ་ཚངས་ཕྱེད་སྤྱི་ལེ་300ཡོད་པའི་སྒོར་མོ་ཞིག་འབྲི་ན། རྒྱལ་ཡོངས་ཀྱི་འབྲུ་རིགས་50%ལྷག་ཙམ་གྱི་ཐོན་ནུས་དེའི་ནང་བསྡུ་ཐུབ། ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་འབྲུ་རིགས་ཐོན་ཁུལ་དེར་འདྲི་རྟོགས་བྱས་པ་ཡིན། ཐོན་ལས་འབྲེལ་ཐག་གི་མཐའ་སྣེར་ཡོད་པའི་འདེབས་འཛུགས་རྟེན་གཞི་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཞིང་ལས་སྐྱེ་དངོས་ཚན་རྩལ་ཀུང་སི་བར་ཀྲུང་ཨའི་ཞིང་ལས་མཉམ་ལས་ཀྱི་སྒུལ་ཤུགས་ཆེན་པོ་ཚོར་བྱུང་།
         ཧུའུ་ལི་ཨའོ·ཁར་ས་ཏ་ནི་ལོ་ས་ལི་ཨའོ་འབྲུ་རིགས་ཉོ་ཚོང་སུའོ་ཡི་དབུ་བཞུགས་ཞིབ་འཇུག་པ་ཡིན་པ་དང་ལས་རིགས་གཅིག་པ་ཚོས་ཁོང་ལ་ཨ་ཀེན་ཐིན་གྱི་སྲན་ཆེན་དཀར་པོའི་ཉོ་ཚོང་ཐད་ཀྱི“མཁས་དབང”ཞེས་བརྗོད་ཀྱི་ཡོད། ཁོང་གིས་གསར་འགོད་པར“འདས་ཟིན་པའི་ལོ་གཅིག་ནང་། དེ་ནས་ཕྱིར་གཏོང་བྱས་པའི་འབྲུ་རིགས་དང་ཞོར་ཐོན་ཐོན་རྫས་ཏུན་ཁྲི་630ཙམ་ཟིན་ནས་རྒྱལ་ཡོངས་ཕྱིར་གཏོང་བསྡོམས་འབོར་གྱི་80.9%ཟིན་ཡོད། ཀྲུང་གོ་ནི་ཕྱིར་གཏོང་བྱ་ཡུལ་གཙོ་བོའི་རྒྱལ་ཁབ་ཡིན་པས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་དེས་ཕྱིར་གཏོང་བསྡོམས་འབོར་གྱི་26%ཟིན་གྱི་ཡོད”ཅེས་བཤད་བྱུང་།
         ལོ་ས་ལི་ཨའོ་གྲོང་ཁྱེར་ནས་བརྒྱུད་པའི་ཕཱ་ལ་ན་གཙང་པོ་འདེད་སྟེ་སྤྱི་ལེ་70སོང་རྗེས་གཞི་ཁྱོན་ཆེ་བའི་དེང་རབས་ཅན་གྱི་ཟོག་འདྲེན་གྲུ་ཁ་20སྟར་པར་གཅིག་ཏུ་འགྲིག་ཡོད་པ་དང་། གྲུ་ཁ་དང་མཛོད་ཁང་ལས་སྣོན་བཟོ་གྲྭ་འབྲེལ་ཡོད་པ་མཐོང་ཐུབ། སྤྱི་ལེ་བརྒྱ་གྲངས་ཡོད་པའི་ས་ཁོངས་ནང་གི་སྲན་ཆེན་དཀར་པོ་དང་། མ་རྨོས་ལོ་ཏོག གྲོ་བཅས་ཉིན་ལྟར་ལྗིད་ཐེག་རླངས་འཁོར་100ལྷག་ཙམ་གྱིས་དེ་གར་དབོར་འདྲེན་བྱས་ནས་ལས་སྣོན་བྱས་རྗེས་ཐད་ཀར་གྲུ་གཟིངས་ནང་བཅུག་སྟེ་འཛམ་གླིང་གི་ས་ཕྱོགས་གང་སར་སྐྱེལ་གྱི་ཡོད།
         གཙང་འགྲམ་དུ་བཙུགས་པའི་ལུའེ་ནོ་ཝ་ཀུང་སི་ནི་ས་གནས་དེ་གའི་སྲན་ཆེན་དཀར་པོ་ལས་སྣོན་ཁེ་ལས་ཆེ་གྲས་གཉིས་པ་དེ་ཡིན། དེ་གའི་འབྲུ་རིགས་གསོག་འཇོག་ནུས་པ་ཏུན་ཁྲི་30ཙམ་ཟིན་པ་དང་ཉིན་རེར་ལས་སྣོན་བསྡོམས་འབོར་ཏུན་ཁྲི་2ཙམ་ཟིན་གྱི་ཡོད། ལོ་གསུམ་གོང་བསྐྲུན་པའི་གྲུ་ཁ་དེས་ཆུ་ཚོད་རེར་འབྲུ་རིགས་གྲུ་འཇུག་བྱེད་ཚད་ཏུན་1000ཟིན་གྱི་ཡོད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་ཝུན·ཞིར་ཝས་ཨེ་ཤེ་ཡར་གཏོང་གྲབས་ཡོད་པའི་ཟོག་འདྲེན་གྲུ་གཟིངས་ཤིག་ལ་མཛུབ་མོ་བཙུགས་ཏེ“ཀྲུང་གོའི་ཁྲོམ་རའི་ཤོང་ཚད་ནི་ང་ཚོས་སྐབས་དེར་ཇུས་འགོད་བྱས་པའི་ཐོན་ནུས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན”ཞེས་བཤད་བྱུང་།
         ཤིས་ཨོར་ཤིས་ཞིང་སྤྱོད་འཕྲུལ་ཆས་ཀུང་སི་དེ་1958ལོར་བཙུགས་པ་དང་། ཨ་ཀེན་ཐིན་གྱི་བཟོ་ལས་ཅན་ཚབ་བྱེད་པའི་དུས་སྐབས་སུ་ནང་འདྲེན་བྱས་པ་ཞིག་ཡིན་ཞིང་། ཀུང་སི་དེ་ནི་གཙོ་བོ་ཞིབ་ཚགས་སོན་འདེབས་འཕྲུལ་འཁོར་དང་འདེབས་འཛུགས་འཕྲུལ་འཁོར་ཆེ་གྲས་ཐོན་སྐྱེད་བྱེད་པའི་ཁྱིམ་རྒྱུད་ཁེ་ལས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ཀུང་སི་དེའི་རྒྱུན་འཛིན་པ་ཨོ་སི་ཝར་ཏོ·ཤིས་ཨོར་ཤིས་ཀྱིས་བཟོ་གྲྭའི་ལག་རྩལ་སྒྱུར་བཀོད་བྱས་ཏེ་འཕྲུལ་འཁོར་དཔུང་པ་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། ད་དུང་ཀྲུང་གོ་ནས་ཆེས་སྔོན་ཐོན་གྱི་གཤེར་གནོན་གྲངས་འཛིན་ལྟེབ་གུག་འཕྲུལ་ཆས་ནང་འདྲེན་བྱས་ཡོད།
         དབྱི་ཐ་ལིའི་གནས་སྤོས་ཡུལ་མིའི་རྒྱུད་པ་དེས་ཀྲུང་གོའི་གྲངས་འཛིན་འཕྲུལ་ཁྲིའི་སྤུས་ཚད་ལ་བསྔགས་བརྗོད་ཡང་ཡང་བྱས་རྗེས་གསར་འགོད་པར“ཀྲུང་གོ་དང་ཨ་ཀེན་ཐིན་ལ་ཞིང་ལས་འཕྲུལ་ཆས་བཟོ་བའི་ཁྱབ་ཁོངས་ཐད་སོ་སོར་དགེ་མཚན་ལྡན་ཡོད། ཕྱོགས་གཉིས་པོས་ལག་རྩལ་ནང་བཤུག་གཏོང་བའམ་ཡང་ན་མ་རྩ་མཉམ་སྒྲིལ་བྱས་ཏེ་འཛམ་གླིང་ལ་ཞིང་སྤྱོད་སྒྲིག་ཆས་ཕྱིར་གཏོང་བྱེད་དགོས། ཨ་ཀེན་ཐིན་གྱིས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཨེ་ཤེ་ཡའི་ཞིང་ལས་ཐོན་ལས་ཀྱི་འབྲེལ་ཐག་ནང་ཞུགས་ཏེ་ཕྱིར་གཏོང་གི་རིན་ཐང་འཕར་མ་མཐོ་རུ་གཏོང་ཆོག”ཅེས་བཤད་བྱུང་།
         དོན་དངོས་ཐོག་ཤིས་ཨོར་ཤིས་ཀྱི་རེ་བ་དེ་མངོན་འགྱུར་བྱུང་ཡོད། དེའི་ཉེ་འགྲམ་གྱི་ལཱ་སི་ཕ་ལུའེ་ཧ་སི་གྲོང་ཁྱེར་དུ་ཨ་ཀེན་ཐིན་གྱི་ཨ་ཕ་ཆི་མ་རྐང་ཚད་ཡོད་ཀུང་སིས་ལག་རྩལ་གཞན་སྒྱུར་བྱས་ནས་ཧྲན་ཏུང་ཁྲང་ལིན་ཚོགས་པ་དང་མཉམ་ལས་བྱས་ཏེ་ཀྲུང་གོར་མ་རྩ་མཉམ་སྒྲིལ་གྱིས་སོན་འདེབས་འཕྲུལ་འཁོར་དང་འདེབས་འཛུགས་འཕྲུལ་འཁོར་ཐོན་སྐྱེད་བྱེད་ཀྱི་ཡོད། ཀུང་སིའི་ཙུང་ཚའེ་ཁ་ལོ་སི·ཁ་སི་ཐའེ་ལ་ཉིས“འདི་ནི་ཀུང་སིས་ལག་རྩལ་གཞན་སྒྱུར་བྱས་ནས་རྒྱལ་སྤྱི་ཅན་མངོན་འགྱུར་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན”ཞེས་བཤད་བྱུང་།
         ཞིང་ཞོར་ཐོན་རྫས་ཉོ་ཚོང་ནས་ཞིང་འཕྲུལ་བཟོ་བ་དང་སྐྱེ་དངོས་ཚན་རྩལ་བར་ཀྲུང་ཨའི་ཞིང་ལས་མཉམ་ལས་དེ་ཁྱབ་ཆུང་བ་ནས་ཁྱབ་ཆེ་བའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་ཞིང་ལས་སྡེ་ཚན་དབར་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་དེ་བས་མང་བའི་མཉམ་ལས་ཁྱབ་ཁོངས་དང་གོ་སྐབས་རིམ་པས་ཐོན་བཞིན་ཡོད། ལུའེ་ནོ་ཝ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་ཝུན་གྱིས“ལས་ཆོད་ཆེ་ལ་ཞིབ་ཚགས་པའི་ཞིང་ལས་དོ་དམ་དང་ཞིང་ཞོར་ཐོན་རྫས་ལས་སྣོན་སྟངས་འཛིན་མ་ལག་ཆེ་གྲས་སོགས་ཤེས་བྱ་རྣམ་པའི་མཉམ་ལས་ལ་ཚོང་ལས་ཀྱི་གོ་སྐབས་གསར་པ་གཏོད་རྒྱུ་རེད”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད་བྱུང་། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡེ་ཧྲུའུ་ཧུང་དང་ཀྲའོ་ཡན་ཡན་གྱིས།༽
      

    ཕྱོགས་བསྡུས་གསར་འགྱུར།