འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཞིང་སྐྱིད་པའི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་བློ་གཅིག་སེམས་གཅིག་གིས་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་ལས་ཀའི་རྩ་དོན་གལ་ཆེན་ལག་བསྟར་བྱེད་པ། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས་མྱུར་པོ། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་སྟེ་དུས་བདེའི་བོད་ལྗོངས་དང་། འབྱོར་ཕྱུག་གི་བོད་ལྗོངས། ཞི་མཐུན་གྱི་བོད་ལྗོངས་བཅས་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་ལངས་ཡོད།
         བདེ་ཞིང་སྐྱིད་པའི་མེ་ཏོག་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་སེམས་ཁམས་སུ་རབ་ཏུ་བཞད་ཡོད།
         དུས་བདེའི་བོད་ལ་མི་རྣམས་དགའ།
         “འཛམ་གླིང་ཡང་རྩེ”ཞེས་གྲགས་པའི་བོད་ཀྱིས་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལྷག་ཙམ་གྱི་ཡིད་དབང་བཀུག་གི་ཡོད། ཚེས་7ཉིན“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་འཚོགས་ཤིང་། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་འཐུས་མི་ཚང་མས“དངོས་ཡོད་ཀྱི་བོད་ལྗོངས་དང་ཕྱི་རྒྱལ་མི་མང་པོའི་འཆར་སྣང་གཅིག་པ་རེད་མི་འདུག བོད་ཀྱི་མི་དམངས་ལ་རང་དབང་དང་། འདྲ་མཉམ། ལ་རྒྱ་བཅས་ལྡན་འདུག”ཅེས་བསྔགས་བརྗོད་བྱས།
         བརྟན་ལྷིང་གི་རྨང་གཞི་གཞི་རིམ་དུ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཁག་གི་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་སྐབས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེ་དག་མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་འཇགས་ཁང་པ”དང“ཉེན་གཡོལ་བྱ་ཡུལ”དུ་གྱུར་ཡོད།
         2011ལོའི་ཟླ་བཅུ་པ་ནས་བཟུང་། བོད་ཀྱིས་གཞི་ཁྱོན་ཆེན་པོའི་ཐོག་ནས་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་ཏེ་ལོ་ལྟར་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་ཙམ་འདེམས་གཏོང་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཞིང་འབྲོག་པར་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བཅས་བྱེད་རོགས་བྱེད་ཀྱི་ཡོད།
         བོད་ཀྱིས་ད་དུང་ཕུལ་བྱུང་ལས་བྱེད་པ་སྟོང་ཕྲག་འདེམས་གཏོང་བྱས་ཏེ་ལྗོངས་ཡོངས་ཀྱི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་ལ་བཅའ་སྡོད་བྱས་ནས་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་འགན་ནུས་གསུམ་དོན་འཁྱོལ་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱས་ཡོད། ལྷ་ས་རྭ་སྒྲེང་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་བསོད་ནམས་ཀྱིས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་དགོན་པའི་ཚོམས་ཆེན་ཉམས་གསོ་སྲུང་སྐྱོབ་བྱས་ཐོག་གྲྭ་ཤག་ཀྱང་ཉམས་གསོ་བྱས་བྱུང་། ད་དུང་དགེ་འདུན་པར་རྩམ་པ་དང་། ཞོག་ཁོག ལ་ཕུག འབོལ་གདན་སོགས་ཀྱི་དངོས་ཟོག་ཉོ་རོགས་བྱས་ཁར། སྨན་བཅོས་འགན་བཅོལ་དང་། མ་མཐའི་འཚོ་བའི་འགན་ལེན། རྒན་གསོ་འགན་བཅོལ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་དགེ་འདུན་པ་107གྱི་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པ་བཟོས་ཡོད་ཅེས་བཤད་བྱུང་།
         འབྱོར་ཕྱུག་བོད་དུ་བདེ་ལ་རོལ།
         བོད་ཀྱི་དཔལ་འབྱོར་འཕར་ཚད་ལོ་ཁ་ཤས་བསྟུད་མར་གྲངས་གནས་གཉིས་ཡན་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2015ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25457ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་1965ལོའི་སྒོར་དུང་ཕྱུར་3.27ནས་2015ལོའི་སྒོར་དུང་ཕྱུར་1026.39བར་འཕར་ནས་ལོ་50རིང་ལྡབ་313འཕར་ཡོད།
         —— མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་པ་དེས་རྫོང་དེ་ཉིད་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རྫོང་འབའ་ཞིག་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། རིམ་པ་མཐོ་བའི་གཞུང་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་རིམ་པས་ཤར་གཏོང་ཐུབ་ནས་གཞུང་ལམ་གྱི་ལམ་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་7.8ཟིན་པ། ལྷ་གཞིས་ལྕགས་ལམ་སྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་60ལྷག་ཙམ་བར་མང་དུ་ཕྱིན་ནས་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་40ལྷག་ཙམ་ཟིན་གྱི་ཡོད།
         —— མཚོ་བོད་དང་ཁྲོན་བོད་གློག་དྲ་དྲ་སྦྲེལ་ཐུབ་ནས་གློག་དྲ་གཙོ་བོ་རྫོང་58ལ་ཁྱབ་པ་དང་། རྫམ་སོགས་ཆུ་ཤུགས་གློག་ཁང་མང་པོས་གློག་གཏོང་འགོ་ཚུགས་ནས་བོད་དབུས་གློག་དྲའི་གློག་ཚོད་འཛིན་བྱེད་དགོས་པའི་ལོ་རྒྱུས་མཇུག་འགྲིལ་བ། ཕུ་མདོ་ཆུ་བེད་ལྟེ་གནས་སྐྲུན་ཟིན་ནས་བོད་གློག་ཕྱིར་གཏོང་ཐེངས་དང་པོ་བྱེད་ཐུབ་ཡོད།
         —— སྒོར་དུང་ཕྱུར་278བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལེགས་སྒྲུབ་བྱས་ཏེ་དུད་ཚང་ཁྲི་46དང་ཞིང་འབྲོག་པ་ཁྲི་230བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་། ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་ཐུབ་ནས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད།
         —— བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་རིན་མེད་སློབ་གསོ་སྔོན་ལ་མངོན་འགྱུར་ཐུབ་པ་དང་། ཆ་རྐྱེན་ཡོད་པའི་རྫོང་དང་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མའི་ལམ་གྲོན་རྩིས་ཞུ་བྱེད་པ་དང་། འཚོ་བའི་ཁ་གསབ་སྤྲོད་པ། ངལ་རྩོལ་གྱི་ལོ་ཚོད་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་8བར་མཐོ་རུ་བཏང་ཡོད།
         ——རྫོང་རིམ་པའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཚང་མ་ཚད་གཞི་ལོན་པ་དང་། ནད་ཡམས་སྔོན་འགོག་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་པ། ཤང་ཚང་མར་འཕྲོད་བསྟེན་ཁང་དང་གྲོང་ཚོ་ཚང་མར་སྨན་བཅོས་ཁང་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་རིན་མེད་ངང་གཟུགས་པོ་བརྟག་དཔྱད་བྱེད་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཚང་མ་རིན་མེད་ངང་སྐྱོབ་བཅོས་བྱེད་པ། མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་68.2ཟིན་ཡོད།
         ——བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་ལེན་བསྟར་ནས་ལྗོངས་ཡོངས་ཀྱི་ཆུ་དང་། རླུང་ཁམས། ས་རྒྱུ་བཅས་ཀྱི་སྤུས་ཚད་ལེགས་པོ་ཡུན་རིང་རྒྱུན་འཁྱོངས་ཐུབ་ཡོད།
         འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་དགོས་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་དང་མཉམ་རོལ་བྱེད་དགོས། བོད་ཀྱིས་ནོར་ཤུགས་70%ཡན་དམངས་འཚོའི་ཁྱབ་ཁོངས་ནང་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི“བྱ་བ་དངོས་བཅུ”ཡག་པོ་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
         “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་ཚད་ཡིན”ཞེས་པའི་སྐད་ཆ་དེ་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པས་རྟག་ཏུ་ཤོད་ཀྱི་ཡོད་ལ་སེམས་སུའང་འཇོག་གི་ཡོད། མལ་གྲོ་གུང་དཀར་རྫོང་གི་ལོ་རེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་2.7ཟིན་པའི་ནང་སྒོར་དུང་ཕྱུར་1.2དམངས་འཚོའི་ཐད་བཏང་བ་དང་། “སློབ་གསོ་དང་། སྨན་བཅོས། རྒན་གསོ་བཅས”དམངས་འཚོའི་འདུ་འགོད་ཆེ་ཁག་གསུམ་ལག་ལེན་བསྟར་ནས་སློབ་མ་བུ་བཅོལ་ཁང་ནས་སློབ་ཆེན་མཐར་མ་ཕྱིན་བར་གྱི་སློབ་ཡོན་ཚང་མ་རྫོང་ནས་སྤྲོད་པ་དང་། མང་ཚོགས་སྨན་ཁང་དུ་ནད་སྡོད་བྱས་ཚེ་འགྲོ་སོང་ཚང་མ་རྩིས་ཞུ་བྱེད་པ། ལོ་60ཡན་གྱི་རྒན་རྒོན་ལ་ཟླ་རེར་ཁ་གསབ་ཡོད་པས། མང་ཚོགས་ཚོས“སྤྱི་ཚོགས་རིང་ལུགས་ཡག”ཅེས་བསྟོད་ཀྱི་ཡོད།
         ཞི་མཐུན་བོད་ལ་མི་རྣམས་སྤྲོ།
         བོད་ལ་ད་ལྟ་མི་ཁྲི་317ཡོད་པ་དང་། བོད་རིགས་དང་། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་40ལྷག་ཙམ་ཟིན་ཞིང་། མི་རིགས་མང་པོའི་ལས་བྱེད་མང་ཚོགས་སྡེ་ཁུལ་གཅིག་ནང་འདུས་སྡོད་བྱེད་པ་ནི་གང་སར་མཐོང་རྒྱུ་ཡོད་པ་ཞིག་རེད། བོད་ཀྱི་ལོ་གསར་དང་། དཔྱིད་གསར་དུས་ཆེན། གོར་པན་དུས་ཆེན་སོགས་ལ་གྲོང་མི་རྣམས་མི་རིགས་ཀྱི་དབྱེ་བ་མེད་པར་མཉམ་འཛོམས་ཀྱིས“མི་རིགས་མཐུན་སྒྲིལ་ཟ་མ”ཟ་བ་དང“མི་རིགས་མཐུན་སྒྲིལ་ཞབས་བྲོ”འཁྲབ་ཀྱི་ཡོད་པས་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་འགྲོ་གི་ཡོད།
         ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ནས་བར་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་པའི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གནས་གྲོང་ཚོར། ན་ནིང“4·25”ས་ཡོམ་བརྒྱབ་རྗེས་གནོད་འཚེ་ཚབས་ཆེན་ཕོག་ནས་དུད་ཁྱིམ་96གི་ཁང་པ་སྤྱིར་ན་ལོག་པ་དང་། མི་4རྐྱེན་ལམ་དུ་ཤོར་བ། མི་415ལ་གནོད་འཚེ་ཕོག་ཡོད། ཏང་དང་སྲིད་གཞུང་གིས་འཕྲལ་མར་ལས་བྱེད་པ་མངགས་གཏོང་གིས་གེགས་སེལ་དངོས་ཟོག་བསྐྱལ་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་དཀའ་གནད་ལས་སྒྲོལ་ཡོད།
         ཟླ་6ཚེས་27ཉིན། 《ཀྲུང་གོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་འཕེལ་རྒྱས་ཀྱི་སྙན་ཞུ·ལྷ་སའི་མ་དཔེ་》ཞེས་པ་ལྷ་སར་ཐོག་མར་འགྲེམས་སྤེལ་བྱས་ཤིང་། བཟའ་བཏུང་དང་། སྤྱི་པའི་ཞབས་ཞུ། སྣོད་བཅུད། དུས་བདེ། སྤྲོ་གསེང་། བདེ་སྐྱིད་སོགས་འབྱོར་འབྲིང་སྟོན་གྲངས་11ཁྲོད། ལྷ་སའི་སྟོན་གྲངས་9རྒྱལ་ཡོངས་ཆུ་ཚད་ལས་བརྒལ་བ་དང་། བདེ་སྐྱིད་སྟོན་གྲངས་85.6ཟིན་པ་དེ་རྒྱལ་ཡོངས་ལས་4.6ཡིས་མཐོ་བ་ཡོད།
         བོད་ལ་འདི་ལྟ་བུའི་འཕེལ་རྒྱས་བྱུང་བ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་ལས་བྱུང་བ་སྟེ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། རྒྱུན་ཆད་མེད་པར་དམངས་འཚོ་ལེགས་གཏོང་གི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྒོ་དབྱེ་མཉམ་ལས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་རེད། ལམ་བུ་དེའི་ཐོག་མུ་མཐུད་བསྐྱོད་ཚེ། བོད་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།