འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་ཀྲུང་ཕྱིའི་སྐུ་མགྲོན་ཚོས་རང་ལྗོངས་སུ་
    གཟིགས་སྐོར་རྟོག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་08ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་ཀྲི་ཀྲའོ་ཐོན་ལས་གླིང་དུ་ལྟ་སྐོར་གནང་བ།
    ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་ཀྲི་ཀྲའོ་ཐོན་ལས་གླིང་དུ་ལྟ་སྐོར་གནང་བ།
         མི་དམངས་དྲ་བའི་འཕྲིན། “2016ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”འགོ་ཚུགས་ཉེར་ཡོད་པའི་མཚམས་སུ་ཨ་རི་དང་། དབྱིན་ཇི། ཨུ་རུ་སུ། སི་ཕེན་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་ལྷ་སར་ལྷན་འཛོམས་བྱུང་ཞིང་། ཚེས་4ནས་6ཉིན་བར་ཀྲུང་ཕྱིའི་སྐུ་མགྲོན་ཚོས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་གཟིགས་སྐོར་རྟོག་ཞིབ་གནང་ནས་དེ་ཁུལ་གྱི་ཞིང་དུད་ཀྱི་ཁྱིམ་དུ་ཕེབས་པ་དང་། ལོ་རྒྱུས་རིག་གནས་རྗེས་ཤུལ་དང་། ཐོན་ལས་གླིང་། སློབ་གསོའི་གྲོང་། གནད་སྨིན་དབུལ་སྐྱོར་གནས་སྤོ་བྱ་ཡུལ་བཅས་སུ་གཟིགས་སྐོར་གནང་ནས་རང་ལྗོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་། གནད་སྨིན་དབུལ་སྐྱོར། དཔལ་འབྱོར་དང་། སློབ་གསོ། རིག་གནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བའི་ཁར་བོད་ཀྱི་དར་རྒྱས་གོང་འཕེལ་མྱོང་ཚོར་དངོས་འབྲེལ་ཐུབ་པ་གནང་བ་རེད།
         “ཝ་ཝ”ཞེས་ལམ་བར་དུ་ལ་ཏེ་ཝེ་ཡའི་མཁྱེན་ལྡན་མ་ཨེར་ཏི་ཏེ·ཚེར་སྨིས་ཧ་ལས་ཧང་སངས་གནང་ཞིང་། ཁོང་གིས“བོད་དུ་གླེང་སྟེགས་ལ་ཞུགས་རྒྱུར་གདན་དྲངས་པར་ང་རང་ལ་དངོས་གནས་གཟི་བརྗིད་ལྡན་པའི་ཚོར་སྣང་ཞིག་བྱུང”ཞེས་གསར་འགོད་པར་གསུངས། སྐུ་མགྲོན་མང་པོ་ཞིག་བོད་དུ་ཕེབས་ཐེངས་དང་པོ་ཡིན་པས་ཁོང་དང་འདྲ་བའི་གཟི་བརྗིད་ཀྱི་མྱོང་ཚོར་དང་ཧ་ལས་ཧང་སངས་ཆེན་པོ་བྱུང་ཡོད་པ་རེད།
         མོ་ཞི་ཁོ་སློབ་གླིང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལི་ལི་ཡ་ནཱས“བོད་དུ་ཡོང་ཐེངས་དང་པོ་ཡིན་པ་དང་། བོད་རིགས་གྲོགས་པོ་མང་པོ་དེ་འདྲ་ཐེངས་དང་པོ་མཐོང་བྱུང་བས་ངས་དུས་ཚོད་ཉིན་འགའ་ཞིག་ནང་བོད་དུ་མཐོང་ཐོས་མྱོང་གསུམ་བྱུང་ལུགས་ཟིན་བྲིས་ཡག་པོ་རྒྱག་རྒྱུ་ཡིན”ཞེས་གསུངས།
         ཡོ་རོབ་དང་ཨེ་ཤེ་ཡའི་གནད་དོན་ཞིབ་འཇུག་སུའོ་ཡི་སྐུ་ཞབས་ཅི་མུའུ·སི་ཐུ་ཕུའུ་མན་ལོ་6སོང་རྗེས་སླར་ཡང་བོད་ལ་ཕེབས་པས་བོད་ཀྱི་འཕེལ་རྒྱས་འགྱུར་ལྡོག་ལ་ཁོང་ཡིད་སྨོན་ཆེན་པོ་བྱུང་ཞིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་འགྲེམས་སྟོན་ལ་གཟིགས་སྐོར་གནང་རྗེས། ཁོང་གིས“ལྷ་སའི་གྲོང་ཁྱེར་འཆར་འགོད་ཤར་ནུབ་ཏུ་རྒྱ་སྐྱེད་བཏང་ནས་འགྱུར་ལྡོག་ཆེན་པོ་བྱུང་འདུག་པས། ངས་ཧ་ལམ་ཧ་གོ་བ་མི་འདུག ལྷག་དོན་དུ་གཞུང་ལམ་འཛུགས་སྐྲུན་ཐད་དེ་སྔོན་ལྷ་ས་ནས་ཐོན་ཏེ་ཆུ་ཚོད་དྲུག་བདུན་སོང་རྗེས་གཞི་ནས་སླེབས་པའི་ས་ཆར་ད་ཆ་ཆུ་ཚོད་གཉིས་གསུམ་ལས་འགོར་གྱི་མི་འདུག”ཅེས་གསུངས།
         ཞིང་ཆེན་ལམ་101བརྒྱུད་ནས་ལྷོ་ཁར་སྐྱོད་པའི་ལམ་བར་དུ། ཀྲུང་ཕྱིའི་སྐུ་མགྲོན་ཚོས་ལམ་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་སྣོད་བཅུད་སྲུང་སྐྱོང་ནགས་ཤིང་ལ་གཟིགས་པ་དང་འབྲེལ། མེ་ཏོག་རབ་ཏུ་བཞད་པའི་ཁུལ་ཞིག་ཏུ་ངལ་གསོས་ནས་སྔོ་ཞིང་དྭངས་བའི་ནམ་མཁའ་དང་ཆུ་འགྲམ་དུ་དྲན་རྟེན་སྐུ་པར་བརྒྱབ་པ་རེད།
         ཅི་མུའུ · སི་ཐུ་ཕུའུ་མན་གྱིས་ས་མཐོའི་གནམ་གཤིས་དང་ས་བབ་ཁྱད་ཆོས་ཀྱིས་བོད་བྱེ་རྡུལ་རླུང་འཚུབ་ཐོན་སླ་བའི་ཁུལ་ཞིག་ཡིན་པ་གཏན་འཁེལ་བྱས་པ་རེད། ཡིན་ནའང་ཡར་ཀླུང་གཙང་པོའི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལས་བོད་གསར་འཛུགས་སྐྲུན་བྱེད་མཁན་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མངོན་པ་དང་། དེ་ནི་གྲོང་ཁྱེར་དང་ཞིང་འབྲོག་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། གྲོང་ཁྱེར་ནས་གྲོང་གསེབ་བར་གྱི་བོད་ཀྱི་འཕེལ་རྒྱས་མྱུར་པོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། བདེ་ཞིང་འཁོད་སྙོམས་པའི་གཞུང་ལམ་དང་། གྲོང་གསེབ་གསར་པའི་རྣམ་པ། ཡར་ཀླུང་གཙང་པོའི་སྣོད་བཅུད་སྲུང་སྐྱོང་ནགས་ཤིང་སོགས་ལས། བོད་རང་སྐྱོང་ལྗོངས་ཀྱིས་ལྟེ་བའི་གྲོང་ཁྱེར་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་མ་ཟད། ད་དུང་གྲོང་ཁྱེར་དང་གྲོང་གསེབ་དོ་མཉམ་འཕེལ་རྒྱས་ཟུང་འབྲེལ་ནུས་ལྡན་བྱས་ནས། མང་ཚོགས་ཚོས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་མྱོང་ཚོར་ཐུབ་པ་བྱེད་ལུགས་མཚོན་གྱི་ཡོད་ཅེས་བཤད།
         བོད་ཀྱི་ལོ་རྒྱུས་ཐོག་གི་གཙུག་ལག་ཁང་དང་པོ་བསམ་ཡས་གཙུག་ལག་ཁང་དུ་ཕེབས་སྐབས། སྐུ་མགྲོན་ཚོས་གཙུག་ལག་ཁང་དང་ཉེ་འཁོར་གྱི་ཁོར་ཡུག་ལ་གཟིགས་སྐོར་གནང་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེ་སྲུང་སྐྱོང་བྱེད་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། དགེ་འདུན་པ་ཚོ་དང་སྤེལ་རེས་གནང་བ་རེད།
         ཧ་ཧྥུའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥན་ཏེ་ཁང་ནི་རྒྱལ་སྤྱིའི་བོད་རིག་པ་མཁས་ཅན་གྲགས་ཅན་ཞིག་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་ལྷ་སྒྲུང་ལ་ཞིབ་འཇུག་གཙོ་བོ་གནང་གི་ཡོད་པས། བོད་ལ་རྒྱུས་མངའ་ཡོད་མཁན་ངོ་མ་ཞིག་རེད། ཁོང་དེ་སྔོན་བོད་ལ་གཟིགས་སྐོར་ལྟ་ཞིབ་བྱེད་པར་ཐེངས་20ཙམ་གནང་བར་ཕེབས་མྱོང་མོད། འོན་ཀྱང་ཕེབས་རིམ་བཞིན་མྱོང་ཚོར་གསར་པ་ཡོང་གི་ཡོད།
         “ཁྱེད་ཀྱིས་གཟིགས་དང་། ལྡེབས་རིས་འདི་དག་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་མོད། འོན་ཀྱང་ལྡེབས་རིས་ནང་གི་མི་སྣའི་རྣམ་པ་ཇི་མ་ཇི་བཞིན་མངོན་པ་དང་གསལ་པོ་མཐོང་རྒྱུ་འདུག་པས། ཆོས་ལུགས་རིག་གནས་ཀྱི་རྗེས་ཤུལ་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་བརྒྱུད་རིམ་ནང་སྲིད་གཞུང་གིས་འབད་བརྩོན་ཆེན་པོ་བྱེད་ལུགས་མཐོང་ཐུབ”ཅེས་ཧྥན་ཏེ་ཁང་གིས་བསམ་ཡས་གཙུག་ལག་ཁང་གི་ཚོགས་ཆེན་འདུ་ཁང་གི་ལྡེབས་རིས་ལ་གཟིགས་བཞིན་དེ་ལྟར་གསུངས། ཁོང་གིས་དགྱེས་ཚོར་ཆེན་པོའི་ངང་ལྷན་དུ་ཡོད་པའི་སྐུ་མགྲོན་ཚོར་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བསམ་ཡས་གཙུག་ལག་ཁང་གི་གནས་བབ་ངོ་སྤྲོད་གནང་བ་དང་འབྲེལ། ཆོས་ལུགས་ཀྱི་ཐོན་ཁུངས་དེ་དག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོབ”པ་ཞིག་རེད་ཅེས་གསུངས།
         “དགོན་པའི་ཉེ་འགྲམ་དུ་སྐད་ཅོར་མ་རྒྱོབས། ལྷ་རྣམས་འདྲོགས་པའི་ཉེན་ཁ་ཆེ”ཞེས་པ་དེ་ནི་ཅིན་ཧའོ་ཐན་བོད་ལ་གཟིགས་སྐོར་གནང་སྐབས་མྱོང་ཚོར་ཟབ་ཤོས་བྱུང་བ་ཞིག་ཡིན་ཞིང་། ཁོང་གིས་རང་ཉིད་ཀྱི་མྱོང་ཚོར་དེ་འཕྲལ་མ་ཉིད་དུ་སྐད་འཕྲིན་གྲོགས་ཚོགས་བརྒྱུད་ནས་གཉེན་ཉེ་དང་གྲོགས་པོ་ཚོར་མཉམ་སྤྱོད་གནང་བ་རེད། ཅིན་ཧའོ་ཐན་ནི་ཨེ་ཅིབ་མིང་ཡ་སློབ་ཆེན་སྐད་ཡིག་སློབ་གླིང་རྒྱའི་སྐད་ཡིག་ཚན་ཁག་གི་སྐད་ཡིག་འབུམ་རམས་པ་དང་ཡིག་སྒྱུར་མཁས་ཅན་ཞིག་ཡིན་པ་དང་། ཉེ་དུས་ཁོང་གི་དཔེ་དེབ་《སྣེ་གསུམ་པ་》ཨ་རབ་ཀྱི་ཡི་གེར་ཕབ་སྒྱུར་བྱས་ནས་ཟླ་འདིའི་ནང་དཔེ་སྐྲུན་བྱེད་རྩིས་ཡོད་ཅིང་། ཁོང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ཧ་ཅང་ལྟ་ན་སྡུག་པ་ཞིག་འདུག་ལ། བོད་ཀྱི་མི་དམངས་རྣམས་གཞུང་དྲང་ཞིང་བབ་ཆགས་པ་དང་། སེམས་བཟང་བ། མཐུན་འགྲིག་ལྡན་པ་བཅས་འདུག་པས། དེ་ཁུལ་མང་ཚོགས་ཀྱི་གདོང་ལས་ཁོང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད་ལུགས་མཐོང་གི་འདུག་ཅེས་གསུངས།
         རྒྱ་གར་གྱི་རིགས་གཅིག་མཁས་ཅན་ཨ་ཉིར་གྱིས་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་པ་དང་། ཁོང་ནི་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་རྒྱ་གར་སྐད་ཡིག་པུའི་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་ཞིང་། པེ་ཅིང་དུ་ཕྱག་ལས་གནང་ནས་ལོ་6སོང་བ་དང་། ད་ཐེངས་ཁོང་བོད་དུ་ཕེབས་ཐེངས་དང་པོ་རེད། བོད་ལྗོངས་སློབ་ཆེན་དུ་གཟིགས་སྐོར་གནང་སྐབས། ཨ་ཉིར་གྱིས་པེ་ཅིང་དུ་ལས་ཀ་བྱེད་སྐབས་སློབ་ཆེན་མང་པོ་ཞིག་ཏུ་སྐྱོད་མྱོང་བས། བོད་ལྗོངས་སློབ་ཆེན་དང་པེ་ཅིང་སློབ་ཆེན་གཉིས་དེ་ཙམ་འདྲ་གི་མི་འདུག འདི་གར་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་ཧ་ཅང་མང་པོ་འདུག་ལ། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ཀྱང་ཧ་ཅང་ཡག་པོ་འདུག དེས་མ་ཚད་དཔེ་མཛོད་ཁང་དང་ཉལ་ཁང་ཡང་ཚང་མ་ཡག་པོ་འདུག དེ་ལས་བོད་ཀྱི་རིག་གནས་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་གོ་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱིས་འབད་བརྩོན་གནང་ལུགས་མཐོང་གི་འདུག་པས། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས།
         ཉིན་གསུམ་རིང་བྲེལ་བ་ཆེན་པོའི་ངང་གཟིགས་སྐོར་གནང་བ་ལས། སྐུ་མགྲོན་ཚོས་བོད་ལ་བཅངས་པའི་སྤྲོ་སེམས་ཆག་མེད་པར། ཁོང་ཚོས་གངས་ལྗོངས་ས་མཐོའི་བརྗིད་ཉམས་ལྡན་ཞིང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་གཟིགས་པ་དང་ལོ་རྒྱུས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཤེས་རྟོགས་གནང་ཡོད་ལ། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྡོད་ལས་བརྩོན་ཐུབ་པའི་བདེ་སྐྱིད་འཚོ་བ་དེ་བས་མྱོང་ཚོར་ཐུབ་ཅིང་། བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཤེས་རྟོགས་གནང་བ་རེད།
    བོད་ལྗོངས་སློབ་ཆེན་དུ་ལྟ་སྐོར་གནང་སྐབས་སློབ་མ་དང་མཉམ་དུ་གླེང་མོལ་གནང་བ།
    བོད་ལྗོངས་སློབ་ཆེན་དུ་ལྟ་སྐོར་གནང་སྐབས་སློབ་མ་དང་མཉམ་དུ་གླེང་མོལ་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།