འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་རི་སི་ཀེ་ཏེ་ཕུའུ་ལུའུ་ཝ་ཁྲོམ་གཞུང་གི་ཀྲུང་གོའི་དྲན་ཤེས།

    —— ཀྲོའུ་ཨེན་ལའེ་ཧྥ་རན་སེར་ཕེབས་སྐབས་ཀྱི་བཞུགས་གནས་རྙིང་པར་བཅར་འདྲིར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཧྥ་རན་སེའི་ཕ་རི་སི་གྲོང་ཁྱེར་གྱི་ཆུས་13གྱི“དབྱི་ཐ་ལིའི་ཐང་ཆེན”ཉེ་འགྲམ་གྱི་དབེན་ཞིང་འཇམ་པའི་ཀེ་ཏེ་ཕུའུ་ལུའུ་ཝ་ཁྲོམ་གཞུང་ཐོག་མི་རྣམས་ཀྱིས་དོ་སྣང་དེ་ཙམ་མི་བྱེད་པའི“སྐར་མ་མཚོ་རྒྱལ་མགྲོན་ཁང”ཞེས་པ་ཞིག་ཡོད། མགྲོན་ཁང་དེའི་ཉེ་འགྲམ་གྱི་ཁྲོམ་གཞུང་གྱང་ལྡེབས་སུ་དྲན་གསོའི་བྱང་བུ་ལི་མདོག་ཅིག་བཀལ་བ་མཐོང་རྒྱུ་འདུག དྲན་གསོའི་བྱང་བུའི་ཐོག་ཤར་ཕྱོགས་སྐྱེས་པ་ཞིག་གི་མགོ་བོའི་འབུར་བརྙན་ཞིག་ཡོད་པ་དང་དེའི་འོག་ཏུ“ཀྲོའུ་ཨེན་ལའེ། 1922ལོ་ནས་1924ལོའི་བར་ཧྥ་རན་སེར་སློབ་སྦྱོང་གནང་སྐབས་དེ་གར་བཞུགས”ཞེས་པའི་ཧྥ་རན་སེའི་ཡི་གེའི་གསལ་བཤད་འཁོད་འདུག
         དེ་ནི་གཞོན་ནུའི་དུས་ཀྱི་ཀྲོའུ་ཨེན་ལའེ་ཧྥ་རན་སེར་འཚོ་བ་བསྐྱལ་བ་དང་གསར་བརྗེའི་ལས་དོན་སྤེལ་བའི་བཞུགས་གནས་རྙིང་པ་ཞིག་ཡིན་པ་དང་སྐབས་དེ་དུས་ཀེ་ཏེ་ཕུའུ་ལུའུ་ཝ་མགྲོན་ཁང་ཞེས་འབོད་ཀྱི་ཡོད། དྲན་གསོའི་བྱང་བུ་དེ་1979ལོར་ཧྥ་རན་སེ་སྲིད་གཞུང་གིས་བཙུགས་པ་དང་དེའི་རིང་མགྲོན་ཁང་དེ་སྲུང་སྐྱོང་ཐོབ་པའི་ལོ་རྒྱུས་སྐྲུན་དངོས་ཤིག་ཏུ་གྱུར་ཡོད་པ་རེད།
         ཉེ་རུང་ཀྲེན་གྱིས་ཕྱིར་དྲན་རྩོམ་ཡིག་ནང་ཀྲོའུ་ཨེན་ལའེ་ཧྥ་རན་སེར་འཚོ་བ་སྐྱེལ་སྐབས་དཀའ་ངལ་ཆེན་པོ་འཕྲད་ཡོད། ཁོང་མགྲོན་ཁང་ཆུང་ཆུང་ཞིག་ནང་བཞུགས་པ་དང་ཉལ་ཁང་གཅིག་རང་ཡོད་པ་དེར་སྨི་ངོས་གྲུ་10ཡང་ཟིན་གྱི་མེད་པས་དངོས་གནས་ཁང་ཆུང་ནང་བྱ་གཞག་ཆེན་པོ་དོན་གཉེར་བྱས་པ་ཞིག་ཡིན། དེ་ནི་ཁོང་གི་བཞུགས་གནས་ཡིན་ལ་དུས་དེབ་གཉེར་བ་དང་ཏང་དང་སྡེ་ཚོགས་ཀྱི་བྱེད་སྒོ་སྤེལ་སའི་ལྟེ་གནས་ཤིག་ཀྱང་རེད། མི་མང་བའི་དུས་སུ་ཁང་པའི་ནང་ཤོང་གི་མེད་པས་ཉེ་འགྲམ་གྱི་ཀོག་ཧྥེ་ཁང་དུ་བྱེད་སྒོ་སྤེལ་རྒྱུ་ལས་མ་འདས། ང་རང་ཀྲོའུ་ཨེན་ལའེ་ཡི་འགྲམ་དུ་སྐྱོད་རིམ་བཞིན་ཁོང་མི་གཞན་དང་གླེང་མོལ་བྱེད་པའམ་ཡང་ན་བློ་རྩེ་གཅིག་སྒྲིམ་གྱིས་རྩོམ་འབྲིའི་ལས་ལ་གཞོལ་བཞིན་པ་མཐོང་རྒྱུ་འདུག རྟག་ཏུ་མེན་པའོ་ཁ་ཤས་དང་སྔོ་ཚལ་སྡེར་མ་ཆུང་གྲས་གང་མཆོད་པ་དང་། ཡང་སྐབས་རེ་སྔོ་ཚལ་ཡང་མེད་སྐབས་མེན་པའོ་དང་ཆུ་འཁོལ་མཉམ་དུ་མཆོད་རྒྱུ་ལས་མེད་ཅེས་བྲིས་ཡོད་པ་རེད།
         1974ལོར་ཏེང་ཞའོ་ཕིང་ཧྥ་རན་སེར་དུས་ཐུང་སྡོད་རིང་ཆེད་མངགས་གཞུང་ཚབ་ཁང་གི་ལས་དོན་མི་སྣར་ཀྲོའུ་ཨེན་ལའེ་སོགས་ཀྱིས་སྐབས་དེ་དུས་གསར་བརྗེའི་བྱེད་སྒོ་སྤེལ་ཡུལ་ཀེ་ཏེ་ཕུའུ་ལུའུ་ཝ་འཚོལ་རོགས་བྱ་རྒྱུའི་མངགས་བཅོལ་གནང་། 1979ལོར་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་15འཁོར་བའི་མཚམས་སུ་ཏེང་དབྱིང་ཁྲའོ་ཧྥ་རན་སེར་འཚམས་འདྲི་གནང་སྐབས་སྐབས་དེ་དུས་ཧྥ་རན་སེའི་ཙུང་ཐུང་གི་འགན་འཁུར་མཁན་ཏེ་སི་ཐན་གྱི་ཕེབས་རོགས་འོག ཆེད་མངགས་མགྲོན་ཁང་དེར་གཟིགས་སྐོར་གནང་བ་རེད། 2001ལོར་ཧྥ་རན་སེར་འཚོ་བ་བསྐྱལ་ནས་ལོ་མང་སོང་བའི་ལི་ཅན་ལེ་དང་དབྱང་ཡན་ཁྲུན་ཁྱོ་ཤུག་གཉིས་ལ་མགྲོན་ཁང་གཉེར་རྒྱུའི་བསམ་བློ་འཁོར། མགྲོན་ཁང་དེར་སྒྲིག་བཀོད་ཆ་ཚང་བ་དང་ཁོར་ཡུག་སྐྱིད་སྣང་དོད་པ་མ་ཟད་དེ་ནི་ཀྲོའུ་ཨེན་ལའེ་བཞུགས་མྱོང་བའི་ས་ཆ་ཞིག་ཡིན་པས་སྐད་ཆ་ཡང་ཡང་དྲིས་པ་བརྒྱུད་ཀེ་ཏེ་ཕུའུ་ལུའུ་ཝ་མགྲོན་ཁང་ཁྱོ་ཤུག་གཉིས་ཀྱི་བློ་ལ་བབས་པ་རེད།
         ཁྱོ་ཤུག་དེ་གཉིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་ལོ་རྒྱུས་ཀྱི་དྲན་ཤེས་གལ་ཆེན་མཚོན་པའི་མགྲོན་ཁང་དེ་ཉོ་བའི་རྒྱུ་མཚན་ནི་ཁོང་ཚོ་མི་རབས་དེས་ཀྲོའུ་ཨེན་ལའེ་ལ་དམིགས་བསལ་གྱི་བརྩེ་སེམས་ཡོད་པས་ཡིན་པ་དང་། ཀྲུང་གོ་བས་མགྲོན་ཁང་དེ་གཉེར་སྐྱོང་བྱས་པ་དེས་ཀྱང་མི་རབས་འདིའི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད།
         དབྱང་ཡན་ཁྲུན་གྱིས་གསར་འགོད་པ་ཀྲོའུ་ཨེན་ལའེ་དེ་སྔ་བཞུགས་མྱོང་བའི་ཁང་པར་ལྟ་སྐོར་བྱེད་པར་འཁྲིད་ཅིང་། ཁོང་གིས་སྐབས་དེ་དུས་ཁང་པ་དེར་མི་གཅིག་ཉལ་སའི་ཉལ་ཁྲི་གཅིག་ལས་མེད་པ་དང་གཙང་སྦྲའི་སྒྲིག་ཆས་མེད་པས་ཧ་ཅང་ཐེབས་ཆག་ཅིག་ཡོད། ལོ་རབས་གཅིག་པའི་ནང་ཧྥ་རན་སེར་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་རག་ཐབས་བྱེད་མཁན་ཏེང་ཞའོ་ཕིང་དང་། ཉེ་རུང་ཀྲེན། ཁྲེན་དབྱི། ལི་ཕུའུ་ཁྲུན་སོགས་ཚང་མ་ཁང་ཆུང་དེར་ཕེབས་མྱོང་ཡོད།
          ད་ཆ“སྐར་མ་མཚོ་རྒྱལ་མགྲོན་ཁང”དེ་སྐྱིད་སྣང་དོད་པ་དང་འགྲིམ་འགྲུལ་སྟབས་བདེ་བའི་ལེགས་ཆར་བརྟེན་ནས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་ཧྥ་རན་སེར་ཡོང་སྐབས་ཀྱི་སྡོད་སར་གྱུར་ཡོད་པ་དང་། ཀྲོའུ་ཨེན་ལའེ་བཞུགས་མྱོང་བའི་ཁང་པ་རྒྱས་སྐྲུན་བྱས་པ་བརྒྱུད་གསང་སྤྱོད་ལོགས་སུ་ཡོད་པ་དང་ལུས་འཁྲུའི་སྒྲིག་ཆས་ཡོད་པའི་ཚད་ལྡན་གྱི་མི་གཉིས་སྡོད་སའི་ཁང་པ་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་སྐུ་མགྲོན་མང་པོ་ཞིག་དེ་གར་སླེབས་སྐབས་ཚང་མས་ཁང་ཆུང་དེར་སྡོད་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་འདུག་ཅེས་དབྱང་ཡན་ཁྲུན་གྱིས་ངོ་སྤྲོད་བྱས་བྱུང་།
         “སྐར་མ་མཚོ་རྒྱལ་མགྲོན་ཁང”ནས་ཐོན་སྐབས་ཉེ་འགྲམ་ནི་ཕ་རི་སིའི་ཆུས་13གྱི་ཆུས་སྲིད་གཞུང་གནས་ཡུལ་ཡིན་པ་དང་། མགྲོན་ཁང་དེ་གནས་སའི་ཕ་རི་སིའི་ཆུས་13ལོ་མང་རིང་འགྱུར་ལྡོག་ཕྱིན་པ་བརྒྱུད་ད་ཆ་ཧྥ་རན་སེའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་འདུ་འཛོམས་ཁུལ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ལ་ཕ་རི་སི་ཆུས་13སྲིད་གཞུང་ཡང་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
         ཀྲུང་གོའི་རྒྱལ་སྟོབས་ཆེ་རུ་ཕྱིན་པ་དང་རྒྱལ་སྤྱིའི་གནས་བབ་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཧྥ་རན་སེར་ཀྲུང་གོའི་རྣམ་པ་དེ་བས་མང་བ་མཐོང་རྒྱུ་ཡོད། གཞོན་ནུའི་དུས་ཀྱི་ཀྲོའུ་ཨེན་ལའེ་ཧྥ་རན་སེར་འཚོ་བ་བསྐྱལ་བ་དང་འབྲེལ་གསར་བརྗེའི་ལས་དོན་སྤེལ་སའི་བཞུགས་གནས་རྙིང་པ་དེའང་མི་རྣམས་ཀྱིས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་གནས་ཤིག་ཏུ་གྱུར་ཡོད་པ་རེད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེང་པིན་དང་ཕུང་མོང་ཡའོ་ཡིས།༽
      

    ཕྱོགས་བསྡུས་གསར་འགྱུར།