འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མི་ཚོགས་ཀྱི་གསོ་སྦྱོང་
    འཛིན་གྲྭ་ཐོག་མར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་མང་པོའི་ཞིབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་བོད་ལྗོངས་སློབ་ཆེན་དུ་གཉེར་བ་རེད།
         “ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཞིབ་སྦྱོང་དང་གསོ་སྦྱོང་བྱ་རྒྱུའི་འཆར་གཞིའི་སྐོར་གྱི་རིག་གནས་པུའུ་དང་སློབ་གསོ་པུའུ་ཡི་ལས་ཀའི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས། ཟླ་4ཚེས་18ནས་ཟླ་5ཚེས་18ཉིན་བར། ང་ཚོས་བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་མང་པོའི་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་གཉེར་བའི་ནང་། ལྗོངས་ཡོངས་ནས་ཡོང་བའི་ལྷ་བྲིས་ཀྱི་རྨང་གཞི་ངེས་ཅན་ལྡན་པའི་དགེ་ཕྲུག་གམ་ཡང་ན་སྒྱུ་རྩལ་གྱི་ལས་ལ་གཞོལ་མཁན་30གསོ་སྦྱོང་ནང་ཞུགས་ཡོད”ཅེས་འཛིན་གྲྭ་གཉེར་བའི་འགོ་ཚུགས་མཛད་སྒོའི་ཐོག་འགན་འཁུར་བ་ཞིག་གིས་དེ་ལྟར་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་ཐེངས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཞིབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་དོན་ནི་གཙོ་བོ་བོད་ཀྱི་ཐང་ཀའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་དང་དེ་བཞིན་རྒྱུན་འཛིན་པའི་ཚོགས་སྤྱི་ལ་གསོ་སྦྱོང་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
         འགན་འཁུར་བ་དེས“གསོ་སྦྱོང་གི་ཕན་འབྲས་མཐོ་རུ་ཏན་ཏིག་གཏོང་ཆེད། ད་ཐེངས་གསོ་སྦྱོང་དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་ལྷ་འབྲི་བ་ཁག་གཅིག་གི་ཕྱོགས་བསྡུས་རིག་གནས་ཀྱི་བྱང་ཚད་དང་དེ་བཞིན་ཇུས་འགོད་གསར་འགོད་བྱེད་ནུས་མཐོ་པོ་མེད་པ་དང་། ཞལ་ཐང་འབྲི་བའི་ལས་རིགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁག་དབྱེ་ནས་སློབ་ཁྲིད་དང་དཔེ་མཚོན་དབྱེ་ཞིབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། སློབ་ཚན་དེ་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་དང་། ཆེད་ལས་ཀྱི་རྩལ་ནུས། སྤེལ་རེས་བགྲོ་གླེང་། ཆེད་དོན་འཆད་ཁྲིད་བཅས་ཁག་བཞི་རུ་དབྱེ་ཡོད་པ་ཟད། ང་ཚོས་རྒན་ངག་དབང་འཇིགས་མེད་དང་། རྒན་བསྟན་པ་རབ་བརྟན་སོགས་སྐུ་ཡོན་ཆེ་བའི་དགེ་རྒན་སློབ་ཁྲིད་བྱེད་པར་གདན་དྲངས་ཡོད”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མང་པོའི་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་ཐེངས་དང་པོའི་སློབ་ཚན་ཁྲོད་བོད་ཀྱི་རི་མོ་བའི་ངོ་སྤྲོད་མདོར་བསྡུས་དང་། བོད་ཀྱི་སྲོལ་རྒྱུན་བརྐོས་དཀྲོལ། བོད་ཀྱི་དེང་དུས་སྒྱུ་རྩལ་སོགས་ཡོད་ལ། ཐང་ཀ་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་འབྲི་སྟངས་དང་། སྐྱ་རིས་འབྲི་སྟངས་ཀྱི་འབྲེལ་ཡོད་སློབ་ཚན་ཡང་ཡོད། ད་དུང་སྤེལ་རེས་བགྲོ་གླེང་གི་དུམ་མཚམས་ནང་སློབ་མ་རྣམས་སྒྱུ་རྩལ་སློབ་ཁྲིད་ཀྱི་རྟེན་གཞི་དང་དེ་བཞིན་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་སོགས་བོད་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་གྲགས་ཅན་ལ་ལྟ་སྐོར་དང་སྤེལ་རེས་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུའི་བཀོད་སྒྲིག་ཀྱང་བྱས་ཡོད།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་འགན་འཁུར་བས“ད་རེས་ཀྱི་གསོ་སྦྱོང་མཇུག་འགྲིལ་རྗེས་ཕྱིས་སུ་ཐང་ཀའི་གསོ་སྦྱོང་འཛིན་གྲྭ་དང་དེ་བཞིན་ཐང་ཀའི་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུའི་ནང་། གཙོ་བོ་རིམ་པ་ཅུང་མཐོ་བའི་ཐང་ཀའི་རྒྱུན་འཛིན་པ་དང་རྒྱུན་འཛིན་པའི་ཚོགས་སྤྱི། དེ་བཞིན་ཐང་ཀ་འབྲི་བར་གཞོལ་མཁན་གྱི་བསླབ་པ་རྒན་གྲས་བཅས་ལ་དམིགས་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།