འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་མི་
    འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་བདེ་སྡོད་ལས་གྲྭ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2010ལོར་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭ་ལག་བསྟར་བྱས་རྗེས། བོད་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་56.98བཏང་བས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལ་ལེཌ་བཅོས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2010ལོ་ནས་བཟུང་བོད་ཀྱི་སྲིད་འཛིན་གྲོང་ཚོ་500ལ་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཚོད་ལྟའི་ལས་དོན་སྤེལ་བ་མ་ཟད། 《2011ལོ་ནས་2015ལོའི་བར་གྱི་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལག་བསྟར་ཇུས་གཞི་》བཟོས་ནས། སྲིད་འཛིན་གྲོང་ཚོ་4898ལག་བསྟར་གྱི་ཁྱབ་ཁོངས་ནང་བཅུག་པ་རེད། 2015ལོའི་ལོ་མཇུག་བར་བོད་དུ་སྲིད་འཛིན་གྲོང་ཚོ་(གྲོང་མི་ཨུ་ཡོན་ལྷན་ཁང)ཡི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྩ་བའི་ཆ་ནས་ཡོངས་ཁྱབ་བྱུང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་གི་རིག་གནས་འཕེལ་རྒྱས་དང་ཆུ་དང་གསང་སྤྱོད་སྒྱུར་བཅོས། གྲོང་གསེབ་ཀྱི་གཞུང་ལམ། གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་སོགས་ཆེད་དོན་མ་དངུལ་དང་རང་སྐྱོང་ལྗོངས་ཀྱི་ལྷན་སྦྱར་མ་དངུལ་བསྡུ་སྒྲིལ་བྱེད་པའི་རྨང་གཞིའི་ཐོག་བོད་དུ་ཞིང་པའི་དཔེ་དེབ་ཁང་དང་། ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་བཀོད། གྲོང་ཚོ་རིམ་པའི་རླུང་འཕྲིན་རིག་གནས་ཐོན་ཁུངས་ཀྱི་ཆ་འཕྲིན་མཉམ་སྤྱོད། སྐོར་སྐྱོད་གློག་བརྙན་ཞབས་ཞུ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཉི་ནུས་ཀྱི་སྤྱི་སྤྱོད་གློག་སྒྲོན། གྲོང་ཚོའི་འགྲོ་ལམ་འཛུགས་སྐྲུན། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད། གྲོང་ཚོ་ལྗང་འགྱུར་དང་མཛེས་འགྱུར་གྱི་ལས་གྲྭ་སོགས་ནང་དོན་ཁག་བཅུ་གཙོ་གནད་ཐོག་ལག་བསྟར་བྱས་པ་རེད།
         ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྭ་སྟོད་གྲོང་ཚོའི་གྲོང་མི་མིག་དམར་གྱིས“ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་དངོས་གནས་ཆེན་པོ་བྱུང་སོང་། དེ་སྔོན་གྲོང་ཚོའི་ནང་ཕག་པ་དང་། ཁྱི། ནོར་ལུག་སོགས་གང་སར་རྒྱུག་གི་ཡོད་པ་དང་འབར་འབུར་དང་འདམ་རྫབ་ལམ་བུའི་ཐོག་བཙོག་གཅིན་གྱི་ཁེངས་པ་དང་དགོང་མོ་ཁྱིམ་དུ་ལོག་སྐབས་མུན་ནག་སྦར་མྱུལ་བྱེད་དགོས་ཀྱི་ཀྱི་ཡོད། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་གྲོང་ཚོའི་མ་ལམ་ལ་ཨར་འདམ་བཏིང་བ་དང་ལམ་སྒྲོན་བསྒར་བ། ཆུ་བཤངས་འབུད་མ་ལག་བསྐྲུན་པ་བཅས་བྱས་པས་གྲོང་ཚོའི་ཁོར་ཡུག་གཙང་རྐྱང་དུ་གྱུར་སྟབས། ཚང་མས་ད་ཆ་གྲོང་ཚོ་འདི་ཉིད་སྤྱི་གླིང་དང་འདྲ་བས་ཧ་ཅང་ཡག་པོ་འདུག་ཅེས་ཤོད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།