འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མི་འབོར་དུང་ཕྱུར་13.7ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་20ཉིན་ཁྱབ་བསྒྲགས་བྱས་པའི་《2015ལོའི་རྒྱལ་ཡོངས་མི་འབོར་1%དཔེ་འཐེན་བརྟག་ཞིབ་སྐོར་གྱི་གྲངས་གཞི་གཙོ་བོ་སྤྱི་བསྒྲགས་》(གཤམ་ལ་《སྤྱི་བསྒྲགས་》ཞེས་བསྡུ་རྒྱུ་)ཁྱབ་བསྒྲགས་བྱས་ཤིང་། 《སྤྱི་བསྒྲགས་》ནང་རྒྱལ་ཡོངས་སྐམ་ས་ཆེ་མོའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31དང་དངོས་ཞབས་ཞུ་བཞིན་པའི་དམག་མི་བཅས་ཀྱི་མི་གྲངས་བསྡོམས་འབོར་ཁྲི་137349ཟིན་པ་དེ་2010ལོའི་ཟླ་11ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཐོག་གི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་(གཤམ་ལ“ཡོངས་བཤེར་དྲུག་པ”ཞེས་བསྡུ་རྒྱུ་)མི་འབོར་ཁྲི་133972དང་བསྡུར་ན། ལོ་ལྔའི་རིང་ཁྱོན་མི་ཁྲི་3377འཕར་ནས་འཕར་ཚད་2.52%ཟིན་ཞིང་། ལོ་རེའི་ཆ་སྙོམས་འཕར་ཚད་0.50%ཡིན་པ་མངོན་ཡོད་པ་རེད།
         《རྒྱལ་ཡོངས་མི་འབོར་ཡོངས་བཤེར་སྲོལ་ཡིག་》དང་《2015ལོའི་རྒྱལ་ཡོངས་མི་འབོར་1%དཔེ་འཐེན་བརྟག་ཞིབ་ལས་དོན་སྤེལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ་》གཞིར་བཟུང་ནས། རང་རྒྱལ་གྱིས་2015ལོའི་ཟླ་11ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཚད་གཞིར་བཟུང་ནས་རྒྱལ་ཡོངས་མི་འབོར་1%ལ་དཔེ་འཐེན་བརྟག་ཞིབ་བྱས་པ་རེད། ཐེངས་འདིའི་བརྟག་ཞིབ་ལས་དོན་སྤེལ་སྐབས་རྒྱལ་ཡོངས་འདི་ཉིད་ཆ་ཤས་ཅན་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་(ས་ཁུལ་དང་། མོང་། ཀྲོའུ)ཁག་ཆ་ཤས་སུ་བརྩིས་ཐོག་རིམ་དབྱེ་དང་། དུས་མཚམས་གཉིས་པ། ཁེབས་ཁྱོན་བསྡུར་ཚད་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། མཐའ་མཇུག་གི་མ་དཔེ་གྲངས་ཚད་མི་ཁྲི་2131ཡིན་པ་དེས་རྒྱལ་ཡོངས་མི་གྲངས་བསྡོམས་འབོར་གྱི་1.55%ཟིན་ཡོད་པ་རེད།
         《སྤྱི་བསྒྲགས》ནང་སྐམ་ས་ཆེ་མོའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31ལ་ཁྱོན་དུད་ཚང་ཁྲི་40947དང་། དུད་ཚང་མི་འབོར་ཁྲི་126935 དུད་ཚང་རེར་ཆ་སྙོམས་མི་3.10བཅས་ཡོད་པ་དེ“ཡོངས་བཤེར་དྲུག་པའི”སྐབས་དང་མཉམ་པ་མངོན་ཡོད་པ་རེད།
         ཕོ་མོའི་བསྡུར་ཚད་ཐད་ནས་བལྟས་ན། དེ་སྔའི་ཕོ་མོའི་བསྡུར་ཚད་དོ་སྙོམས་མེད་པའི་སྣང་ཚུལ་ཅུང་ལེགས་སུ་ཕྱིན་ཡོད་པ་རེད། ཕོ་ཁྲི་70356ཡོད་པ་དེས་51.22%དང་། མོ་ཁྲི་66993ཡོད་པ་དེས་48.78%ཟིན་ཡོད་པ་རེད། མི་གྲངས་བསྡོམས་འབོར་གྱི་ཕོ་མོའི་བསྡུར་ཚད་(མོ་100ལྟར་བརྩིས་པའི་ཕོ་མོའི་བསྡུར་ཚད་)དེ“ཡོངས་བཤེར་དྲུག་པའི”སྐབས་ཀྱི་105.20ནས་105.02བར་ཆག་ཡོད་པ་རེད།
         ལོ་ཚད་ཀྱི་ཆ་ནས་བལྟས་ན། མི་འབོར་ན་རྒས་ཅན་དུ་འགྱུར་ཚད་ཅུང་མཐོ་རུ་འགྲོ་བཞིན་ཡོད་པ་དང་། མི་རིགས་ཀྱི་ཆ་ནས་བལྟས་ན། གྲངས་ཉུང་མི་རིགས་ཀྱི་མི་འབོར་འཕར་ཚད་ཅུང་མགྱོགས་པོ་ཡོད་པ་རེད། དེ་དང་ཆབས་ཅིག་ཐེངས་འདིའི་ཡོངས་བཤེར་གྲུབ་འབྲས་ནང་མི་འབོར་གྱིས་སློབ་གསོ་དང་ལེན་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་རྒྱུན་མཐུད་དེ་མཐོ་རུ་ཕྱིན་པ། ཐེམ་ཐོ་དང་བྲལ་བའི་མི་འབོར་འཕར་ཚད་ཅུང་མགྱོགས་པ་སོགས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།