འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཁྲིམས་ཁང་གིས་ཁྲིམས་ཁང་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་
    གཟབ་རྒྱས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འཛིན་ལས་ཁུངས་གཙོ་བོ་ཡིན་པའི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧོ་ལན་ཧའེ་ཡཱའི་ཞི་བདེ་ཕོ་བྲང་དུ་ཁྲིམས་ཁང་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་རྟེན་འབྲེལ་མཛད་སྒོར་ཞུགས་པ་མ་ཟད། ཤིས་ཚིག་ཀྱང་གསུངས་ནས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ལོ་70ཡི་འཕེལ་རིམ་ནང་རྒྱལ་སྤྱིའི་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱ་ཆེད་འབད་བརྩོན་ཧུར་ཐག་བྱས་པ་དང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་ཁས་ལེན་གནང་བ་རེད།
         ཕན་ཅི་ཝུན་གྱིས“འདས་ཟིན་པའི་ལོ་70ཡི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འཛིན་ལས་ཁུངས་གཙོ་བོ་ཡིན་པའི་ངོས་ནས་བརྗོད་ན། རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱལ་ཁབ་ཁག་ལ་ཞི་བའི་ཐབས་ལམ་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་རོགས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཡོད”ཅེས་གསུངས་པ་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་ཁྲིམས་ཁང་གི་བདག་སྤྲོད་བྱེད་དབང་དང་ཁྲུན་གཅོད་དང་ལེན་ཞུས་པའི་ཁར་སྒྲུབ་རྒྱུ་ཁས་ལེན་དམ་སྲུང་དང་ཕན་ཚུན་གྱི་རྩོད་གཞི་ཞི་བའི་སྒོ་ནས་ཐག་གཅོད་བྱེད་རྒྱུའི་འབོད་སྐུལ་གནང་བ་རེད།
         མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་བ་ལིའུ་ཅེ་དབྱི་ཡིས་རྟེན་འབྲེལ་མཛད་སྒོར་ཤིས་ཚིག་བསྐུར་གནང་བ་རེད།
         ཧོ་ལན་གྱི་རྒྱལ་པོ་ཝུའེ་ལན་—ཡ་ལི་ཧྲན་ཏ་དང་། ཧོ་ལན་སྲིད་གཞུང་གི་འཐུས་མི། ཧའེ་ཡཱར་བཙུགས་པའི་རྒྱལ་སྤྱིའི་སྒྲིག་གཞིའི་འཐུས་མི། དེ་བཞིན་ཧོ་ལན་དུ་བཅའ་སྡོད་རྒྱལ་ཁབ་འགའ་ཤས་ཀྱི་ཕྱི་འབྲེལ་གཞུང་ཚབ་བཅས་རྟེན་འབྲེལ་མཛད་སྒོར་ཞུགས་ཡོད་པ་རེད།
         ཧོ་ལན་ཧའེ་ཡཱའི་ཞི་བདེ་ཕོ་བྲང་དུ་བཙུགས་པའི་རྒྱལ་སྤྱིའི་ཁྲིམས་ཁང་དེ་1946ལོར་ལས་དོན་སྒྲུབ་འགོ་བཙུགས་ནས་འགན་ཉིས་བརྩེགས་ལྡན་ཡོད། ཁྲིམས་ཁང་དེས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་རྒྱལ་ཁབ་ཁག་ནས་ཕུལ་བའི་བཅའ་ཁྲིམས་ཀྱི་རྩོད་གཞི་ཐག་གཅོད་བྱེད་ཀྱི་ཡོད་པ་མ་ཟད། ལུགས་མཐུན་གྱི་དབང་ཆ་ལྡན་པའི་རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞིར་ཕུལ་བའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་ནས་བློ་འདྲིའི་བསམ་འཆར་ཡང་བཏོན་གྱི་ཡོད་པ་རེད།
         ཁྲིམས་ཁང་བཙུགས་ཚུན། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཁྲིམས་གཅོད་121བྱས་པ་དང་། རྩོད་གཞི་དང་འབྲེལ་བ་ཡོད་པའི་ནང་སྐམ་སའི་ས་མཚམས་དང་། རྒྱ་མཚོའི་དབྱེ་མཚམས། མངའ་ཁོངས་ཀྱི་བདག་དབང་། དྲག་ཤུགས་སྤྱོད་མཚམས་འཇོག་པ། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ། ཕྱི་འབྲེལ་གྱི་འབྲེལ་བ། མི་གཏའི་དོན་རྐྱེན། སྐྱོབ་སྲུང་བྱེད་དབང་། རྒྱལ་ཁོངས། ལྟ་སྐྱོང་། ཤར་བགྲོད་དབང་ཆ། དཔལ་འབྱོར་ཁེ་དབང་སོགས་ཀྱི་གནད་དོན་ཚུད་ཡོད་པ་མ་ཟད། དེའི་ཐད་ཀྱི་བློ་འདྲིའི་བསམ་འཆར་27སྤེལ་ཡོད་པ་རེད།
         རྒྱལ་སྤྱིའི་ཁྲིམས་ཁང་དེ་ཁྲིམས་དཔོན་15ལས་གྲུབ་པ་དང་། ཁྲིམས་དཔོན་གྱི་འགན་ཡུན་ལོ་དགུ་རེད། ཁྲིམས་དཔོན་དེ་དག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་སོ་སོར་འདེམས་བསྐོ་བྱས་ནས་ཐོན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།