འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་དུག་རྫས་གནད་དོན་སྐོར་གྱི་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་
    ཚོགས་ཆེན་ཐོག་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན་2016ལོའི་འཛམ་གླིང་གི་དུག་རྫས་གནད་དོན་སྐོར་གྱི་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་ཡོད། རྒྱལ་ཁབ་ཁག་གིས་ཡིག་ཆའི་ནང་དུག་རྫས་གནད་དོན་གྱིས་བདེ་ཐང་དང་བདེ་འཇགས་སོགས་ཐད་བཟོས་པའི་འགྲན་སློང་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ་དང་སྦྲགས་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཁས་ལེན་ཡང་བྱས་ཡོད་པ་རེད།
         དེ་ཉིན་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་འགོ་ཚུགས་རྗེས་ཀྱི་ཡུན་རིང་མ་སོང་བར་འདེམས་ཤོག་འཕེན་མི་དགོས་པའི་བྱེད་ཐབས་སྤྱད་དེ་《ང་ཚོས་འཛམ་གླིང་གི་དུག་རྫས་གནད་དོན་ཐག་གཅོད་གང་ལེགས་དང་དེར་ཁ་གཏད་ནུས་ལྡན་གཅོག་རྒྱུའི་ཐུན་མོང་གི་ཁས་ལེན་》ཞེས་འགོ་བརྗོད་དུ་འཁོད་པའི་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་ཡོད། ཡིག་ཆའི་ནང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་ཁག་གསུམ་གྱི་དམིགས་ཡུལ་དང་དམིགས་ཚད་ལ་འཛིན་པའི་ཁས་ལེན་བསྐྱར་བསྒྲགས་བྱས་པ་དང་ཆབས་ཅིག དུག་རྫས་གང་བྱུང་དུ་སྤྱོད་པ་དང་དུག་རྫས་དང་འབྲེལ་བའི་ཉེས་གསོག་ལས་སྤྱི་པའི་བདེ་ཐང་དང་སྤྱི་ཚོགས་བདེ་འཇགས་ལ་བཟོས་པའི་གནད་དོན་ཐད་དོ་ཁུར་བྱས་ནས་དུག་རྫས་གང་བྱུང་དུ་སྤྱོད་རྒྱུ་སྔོན་འགོག་དང་ཁྲིམས་འགལ་ངང་དུག་རྫས་འདེབས་འཛུགས་དང་། ཐོན་སྐྱེད། ཉོ་ཚོང་། ལྐོག་འདྲེན་སོགས་བྱ་རྒྱུ་སྔོན་འགོག་དང་དེར་རྡུང་རྡེག་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཞག་པ་འཁོད་ཡོད་པ་རེད།
         ཡིག་ཆའི་ནང“མ་གཞི་ཁྱབ་ཁོངས་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ནའང་འཛམ་གླིང་གི་དུག་རྫས་གནད་དོན་གྱིས་མིའི་རིགས་ཡོངས་ཀྱི་བདེ་ཐང་དང་། བདེ་འཇགས། བདེ་སྐྱིད་བཅས་ལ་སྔར་བཞིན་འགྲན་སློང་འཕྲད་བཞིན་ཡོད་པ་ང་ཚོས་གསལ་པོ་རྟོགས་པ་བྱེད་དགོས། འགྲན་སློང་དེ་དག་ལ་ཁ་གཏད་གཅོག་ཆེད་ང་ཚོས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་གི་འབད་བརྩོན་བྱ་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། རྒྱལ་སྤྱིའི་དབར་གྱི་མཉམ་ལས་བྱ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་ཆོད་སེམས་བརྟན་པོ་འཛུགས་དགོས”ཞེས་འཁོད་ཡོད་པ་རེད།
         ཡིག་ཆའི་ནང་འཛམ་གླིང་གི་དུག་རྫས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ལ་ཁག་བགོས་འགན་འཁྲི་ཞིག་དེ་བས་ཀྱང་ཡིན་པས་ཕྱོགས་མང་མཉམ་ཞུགས་ཀྱི་ཁོར་ཡུག་འོག་དེ་བས་ནུས་ལྡན་གྱི་རྒྱལ་སྤྱིའི་མཉམ་ལས་བརྒྱུད་གནད་དོན་དེ་ཐག་གཅོད་བྱེད་དགོས་པ་མ་ཟད། “ཕྱོགས་བསྡུས་དང་། རིག་ཚན་མང་བ། ཕན་ཚུན་ཤུགས་སྣོན། དོ་སྙོམས། ཚན་རིག་གི་དཔང་རྟགས་རྨང་གཞིར་བྱེད་པ་བཅས་ཀྱི་ཕྱོགས་ཡོངས་ནས་ཐག་གཅོད་བྱ་ཐབས”ཤིག་ལྡན་དགོས་ཞེས་འཁོད་ཡོད་པ་རེད།
         ཡིག་ཆའི་ནང་2030ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་འབད་བརྩོན་དང་དུག་རྫས་ཀྱི་གནད་དོན་ལ་ཁ་གཏད་ནུས་ལྡན་གཅོག་པའི་འབད་བརྩོན་གཅིག་རམ་གཅིག་འདེགས་བྱེད་དགོས་ཞེས་འཁོད་ཡོད། ཡིག་ཆའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་2009ལོའི་འབྲེལ་ཡོད་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ནུས་ལྡན་བྱས་ནས་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
         གྲུབ་འབྲས་ཡིག་ཆའི་ནང་ད་དུང་དུག་རྫས་དང་བདེ་ཐང་དང་། ཉེས་གསོག་ལ་རྡུང་རྡེག འགྲོ་བ་མིའི་ཐོབ་ཐང་དང་སྡེ་ཁུལ། འགྲན་སློང་གསར་པ། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནད་དོན། ཚབ་བྱེད་འཕེལ་རྒྱས་བཅས་ཀྱི་ངོས་ནས་བཏོན་པའི་ཞིབ་ཕྲའི་བྱ་སྤྱོད་ཀྱི་གྲོས་འགོ་མང་དག་ཅིག་ཚུད་ཡོད་པ་རེད།
         2016ལོའི་འཛམ་གླིང་གི་དུག་རྫས་གནད་དོན་སྐོར་གྱི་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཚེས་19ནས་ཚེས་21ཉིན་བར་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱིར་བཏང་རང་བཞིན་གྱི་རྩོད་བཤེར་དང་དེ་བཞིན་གྲལ་སྒོར་ཚོགས་འདུ་ཁག་5ཚུད་པ་དང་ཚོགས་ཞུགས་མི་སྣས་དུག་རྫས་དང་བདེ་ཐང་དང་། དུག་རྫས་དང་ཉེས་གསོག དུག་རྫས་དང་འགྲོ་བ་མིའི་ཐོབ་ཐང་། གཞོན་ནུ། བུད་མེད། བྱིས་པ། སྡེ་ཁུལ་བཅས་ཀྱི་དུག་རྫས་གནད་དོན་གྱི་འགྲན་སློང་གསར་པ་སྔོན་འགོག་དང་དེར་ཁ་གཏད་བཅག་སྟེ་ཚབ་བྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་སྤྱི་ཚོགས་ཀྱི་དཔལ་འབྱོར་གནད་དོན་ལ་ཁ་གཏད་གཅོག་པ་སོགས་ཐད་ནས་གྲོས་བསྡུར་བྱས་ཡོད། རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣ་དང་རྒྱལ་ཁབ་མང་པོ་ནས་ཡོང་བའི་སྲིད་གཞུང་གི་པུའུ་ཀྲང་བཅུ་ཕྲག་ཚོགས་འདུར་ཞུགས་ཡོད་པ་རེད། རྒྱལ་དོན་ཨུ་ཡོན་དང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། སྤྱི་བདེ་པུའི་པུའུ་ཀྲང་བཅས་ཡིན་པའི་ཀུའོ་ཧྲེང་ཁུན་གྱིས་ཀྲུང་གོའི་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།