འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་འགོག་བཅོས་བྱ་རྒྱུར་ཐབས་བཟང་23བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གཞུང་ཁོངས་ཁེ་ལས་ལ་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་བྱེད་མང་བ་དང་། གྱོད་གཞི་ཐོན་མང་བ། ལྐོག་ཟ་ལྐོག་ལེན་གྱི་བྱ་ཐབས་མང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཐིང་གིས་ཉེ་ཆར་《ཞིང་ཆེན་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་འགོག་བཅོས་ལས་དོན་སྤེལ་རྒྱུའི་སྐོར་གྱི་གྲོས་འགོའི་ཡི་གེ་》བཏོན་ཞིང་། དེའི་ནང་ཐབས་མཆོག་23སྤྱད་དེ་གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།
         ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཐིང་ལ་ཞིང་ཆེན་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་1278འབྱོར་ནས་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་པ་དང་། ཞིང་ཆེན་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་113གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣ་དང་འབྲེལ་བའི་མི་30(གྲོང་ཁྱེར་དང་ཐིང་རིམ་པའི་མི་4)ཚུད་ཡོད་པ་རེད། གནད་དོན་ཁྱོན་ཡོངས་ནས་བཙལ་འཚོལ་དང་གསེད་བཀྲོལ་བྱེད་རིང་གྱོད་གཞི་མང་ཆེ་བར་གྱོད་འབྲེལ་དངུལ་གྲངས་མང་བ་དང་གྱོད་འབྲེལ་མི་སྣ་མང་བས་མངོན་གསལ་དོད་པའི་སྦྲེལ་ཐག་རྣམ་པའི་རུལ་སུངས་ཀྱི་ཁྱད་ཆོས་མངོན་པ་དང་། ལྐོག་ཟ་ལྐོག་ལེན་གྱི་བྱ་ཐབས་མང་བའི་ཁྲོད་སྲོལ་རྒྱུན་གྱི་ལྐོག་ཟ་ལྐོག་ལེན་དང་སྒྲིག་འགལ་ངང་ཤོག་ཆག་དང་འབུལ་རྟེན་ལེན་པ་སོགས་ཀྱི་བྱ་ཐབས་ཡོད་ལ“དངུལ་གཡར་བར”ཁ་གཡར་ནས་ལྐོག་ཟ་ལྐོག་ལེན་བྱེད་པ་དང་། ནང་ཁུལ་ཉོ་ཚོང་བྱེད་པ་སོགས་ཀྱི་བྱ་ཐབས་གསར་པ་མང་པོ་ཐོན་པས། ཉེན་སེལ་བརྟན་འགྱུར་པ་གསོག་ཐབས་མངོན་གསལ་དོད་པོ་མེད་པ་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་པ་སྤྱོད་ཀྱི་ཡོད་པ་རེད།
         གནད་དོན་ལ་དམིགས་ནས་རྣག་ཐོག་གཙག་འཁེལ་གྱིས་ཆད་པ་བཅད་ཅིང་། སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ཀྱིས་《ཞིང་ཆེན་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་འགོག་བཅོས་ལས་དོན་སྤེལ་རྒྱུའི་སྐོར་གྱི་གྲོས་འགོའི་ཡི་གེ་》བཀྲམས་ནས་ཕྱོགས་5ཐད་ཀྱི་ལས་ཀའི་གྲོས་འགོ་ཁག་23གསེད་དཀྲོལ་བྱས་ཏེ་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་《གྲོས་འགོའི་ཡི་གེའི་》བླང་བྱར་ནན་པོ་གཞིགས་ནས་འགན་འཁྲིའི་གསལ་ཐོ་ཞིབ་ཚགས་བཟོ་བ་དང་ཞིབ་ཕྲའི་བྱ་ཐབས་དང་། སྐུལ་འདེད་གོ་རིམ། ལེགས་གྲུབ་དུས་བཀག་བཅས་གསལ་པོ་བཟོ་དགོས་པ་མ་ཟད། ཞིང་ཆེན་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྲིག་ཇུས་གཞི་འདོན་རྒྱུར་སྐུལ་འདེད་བཏང་སྟེ་ཆ་ལག་ཚང་བའི་འགོག་བཅོས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།