འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ལོ་ཙཱའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་དེ་ཁྲེང་ཏུའུ་རུ་གཉེར་ནས་ས་གནས་དེ་གའི་མི་རིགས་སྐད་ཡིག་ལོ་ཙྭའི་ཤེས་ལྡན་མི་སྣའི་ཐད་ཀྱི་དགོས་མཁོ་བསྐངས་པ་རེད།
         བོད་ལྗོངས་ཆབ་མདོ་དང་། མངའ་རིས། ནག་ཆུ། ལྷོ་ཁ་སོགས་ཀྱི་ཁྲིམས་འཛིན་དང་དྲིལ་བསྒྲགས་སོགས་སྡེ་ཚན་ནས་ཡོང་བའི་སློབ་གཉེར་བ་60ལྷོ་ནུབ་མི་རིགས་སློབ་ཆེན་དུ་དུས་ཡུན་ཉིན་15ཡི་གསོ་སྦྱོང་སློབ་ཚན་ལ་ཞུགས་རྒྱུ་ཡིན་ཞིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱིས། སློབ་གཉེར་བ་ཚོར་བོད་རྒྱའི་ལོ་ཙཱའི་ལོ་རྒྱུས་དང་། ལོ་ཙཱའི་གཞུང་ལུགས་དང་ཐབས་རྩལ། མི་རིགས་སྲིད་ཇུས་གཞུང་ལུགས། བོད་རྒྱའི་རིག་གནས་ལོ་རྒྱུས་སོགས་ཁྲིད་རྒྱུ་ཡིན་པ་རེད། ཐེངས་འདིའི་བྱེད་སྒོ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཉིས་ཀྱིས་གཙོ་གཉེར་དང་། ལྷོ་ནུབ་མི་རིགས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་གིས་གཉེར་འགན་འཁུར་བ་ཞིག་ཡིན་པ་རེད།
         “སྐད་ཡིག་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི་བཙུགས་པ་དེས། གཞི་རིམ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་པའི་ལས་སྒོའི་བྱང་ཚད་དང་གཞུང་ལུགས་ཆུ་ཚད་མཐོ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་ལས་རིགས་ཁག་ལ་མི་རིགས་སྐད་ཡིག་ལོ་ཙཱའི་ཤེས་ལྡན་མི་སྣ་ཚད་ལྡན་མཁོ་འདོན་ནུས་ལྡན་བྱེད་ཐུབ”ཅེས་འཛིན་གྲྭ་གཉེར་འགོ་ཚུགས་པའི་མཛད་སྒོའི་ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་མི་རིགས་གཞུང་ལུགས་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཧུང་ཅེས་བཤད་པ་རེད།
         ཀྲུང་གོའི་མི་རིགས་ས་ཁུལ་དུ་སྐད་གཉིས་ཤེས་ལྡན་མི་སྣ་དཀོན་པོ་ཡོད་ཅིང་། 2015ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གཉིས་ཀྱིས། 《མི་རིགས་ས་ཁུལ་གྱི་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་དུ་དཔར་འགྲེམས་བྱས་པའི་ནང་། མི་རིགས་ས་ཁུལ་གྱི་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་བཏོན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོའི་བྱང་ཚད་མཐོ་བ། གྲངས་འབོར་ཅུང་མང་བ། མི་རིགས་ས་ཁུལ་གྱི་འདྲི་གཅོད་ལས་དོན་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པ་བཅས་ཀྱི་སྐད་གཉིས་ཁྲིམས་དཔོན་དཔུང་ཁག་ཅིག་རིམ་བཞིན་འཛུགས་དགོས་པ་དང་། 2020ལོའི་གོང་བར་སྐད་གཉིས་ཀྱི་ཁྲིམས་དཔོན་ཁྱོན་1500གསོ་སྐྱོང་བྱེད་དགོས་པ་དང་། མི་རིགས་ས་ཁུལ་གྱི་ཁྲིམས་ཁང་ཁག་གིས་རིགས་གཅིག་མཁས་ཅན་རྣམ་པའི་སྐད་གཉིས་ཀྱི་ཁྲིམས་དཔོན་4ཙམ་གསོ་སྐྱོང་བྱས་ནས་མི་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་ལ་སྐད་གཉིས་ཀྱི་ཁྲིམས་དཔོན་དཀོན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།