འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བརྩེ་སེམས་དང་ཚེ་སྲོག་གི་རྒྱུན་མཐུད་པ་སྟེ་ལོ་ཆུང་ཨ་མ་ཞིག་ཚེ་ལས་འདས་ཁར་དབང་
    པོ་ཞལ་འདེབས་སུ་ཕུལ་ནས་མི་4བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཕྲུ་གུ་མཚེ་མའི་ཨ་མ་སྟེ་ཧྲའོ་ཙི་ཡན།
    ཕྲུ་གུ་མཚེ་མའི་ཨ་མ་སྟེ་ཧྲའོ་ཙི་ཡན།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་དམིགས་བསལ་གྱི་འཕྲིན་ཕྲན་ཞིག་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཟུར་གཏོགས་སྨན་ཁང་དང་པོའི་སྨན་བཅོས་ནད་སྐྱོང་མི་སྣའི་འཕྲིན་ཕྲན་བར་ཚོམས་སུ་བརྒྱུད་སྤེལ་མགྱོགས་མྱུར་བྱས་ཤིང་ཀུན་ཏུ་ཁྱབ་པར་གྱུར་པ་རེད། ཕྲུ་གུ་མཚེ་མ་བཙས་མ་ཐག་པའི་ཨ་མ་ཞིག་སྟབས་མ་ལེགས་པར་ཚེ་ལས་འདས་ཀྱང་། ཁོ་མོས་ཞལ་འདེབས་ཕུལ་བའི་དབང་པོ་ཡིས་མི་4ཡི་སྲོག་བསྐྱབས་པ་རེད།
         ཟླ་4ཚེས་15ཉིན་གྱི་དགོང་མོར་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཟུར་གཏོགས་སྨན་ཁང་དང་པོའི་མཁལ་ནད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུའུ་ཅན་ཡུང་གིས་རང་ཉིད་ཀྱི་འཕྲིན་ཕྲན་ནང་དུ"དེ་རིང་། ང་ཚོའི་སྨན་ཁང་དུ་ཕྲུ་གུ་མཚེ་མ་བཙས་མ་ཐག་པའི་ཨ་མ་ཞིག་གིས་རང་ཉིད་ཀྱི་དབང་པོ་ཞལ་འདེབས་སུ་ཕུལ་བ་རེད། མ་གཞིར་འདི་ནི་མི་རྣམས་ལ་སྤྲོ་སེམས་སྐྱེ་འོས་པའི་དོན་བཟང་ཞིག་ཡིན་མོད། འོན་ཀྱང་ཕྲུ་གུ་མཚེ་མ་བཙས་པའི་ཨ་མ་དེ་ནི་མངལ་ཆགས་མྱུར་གཤིས་ཚིལ་མཆིན་ནད་ཕོག་པའི་དབང་གིས་ཚེ་ལས་འདས། མཇུག་མཐར་ཁྱིམ་མི་ཚོས་སྐྱེས་མ་འདིའི་བཀོལ་སྤྱོད་ཆོག་པའི་དབང་པོ་ཞལ་འདེབས་སུ་ཕུལ་ཏེ་ཁྱིམ་ཚང་གཞན་པར་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་པ་རེད"ཅེས་པའི་མི་རྣམས་སེམས་འགུལ་ཐེབས་ལ་ཕངས་སེམས་ཀྱང་སྐྱེས་པའི་གནས་ཚུལ་ཞིག་སྤེལ་བ་དང་། "ཚེ་ལས་འདས་པའི་ཨ་མ་དེས་གཅེས་པར་འོས་པ་ཕྲུ་གུ་གཉིས་འཇིག་རྟེན་དུ་བཞག་ཡོད་པ་དང་། སྔ་སྐྱེས་ཕྲུ་ག་ཡིན་པས། བཙས་རྗེས་ཨ་མའི་ནུ་ཞོ་ཁམ་གང་ཡང་འཐུང་མེད་པས། ཡིད་སེམས་ཧ་ཅང་སྐྱོ་སྣང་སྐྱེ་རུ་འཇུག་པ་ཞིག་རེད། སྤྱི་ཚོགས་ཡོངས་ཀྱིས་ཕྲུ་གུ་འདི་གཉིས་ལ་རོགས་སྐྱོར་གནང་བར་རེ་འབོད་ཞུ་རྒྱུ་ཡིན"ཞེས་སྤེལ་བ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། ཚེ་ལས་འདས་པའི་ལོ་གཞོན་ཨ་མ་དེའི་མིང་ལ་ཧྲའོ་ཙི་ཡན་ཟེར་བ་དང་། ཁོ་མོས་ཁྱོ་ག་ཁྲེང་ཧྲན་ཧའེ་དང་མཉམ་དུ་ཀྲེ་ཅང་ཞིང་ཆེན་ཅ་ཞིན་དུ་ལས་ཀ་བྱེད་བཞིན་ཡོད། ཁོང་གི་ཨ་ཕ་ཧྲའོ་ཝན་ཧྭ་ཡིས་གྲོང་གསེབ་དུ་ཞིང་ལས་བྱེད་ཀྱི་ཡོད་ཅིང་། ཁྱིམ་ཚང་ནི་ཕྱུག་པོ་རང་མ་རེད།
         ཧྲའོ་ཝན་ཧྭ་ཡིས"སྨན་བཅོས་ཉིན་50ལ་བྱས་ནའང་བུ་མོའི་ཀླད་ཤི་བས་སྲོག་སྐྱོབ་བའི་རེ་བ་མེད་པར་གྱུར་པས། ཁོང་གི་དབང་པོ་ཞལ་འདེབས་སུ་ཕུལ་ན། ཁོང་གི་ཚེ་སྲོག་རྒྱུན་མཐུད་ཡོང་བར་བྱེད་ཐུབ་པས། ངའི་བུ་མོ་ད་དུང་འཇིག་རྟེན་ན་འཚོ་བཞིན་ཡོད་ལ་ང་རང་དང་གཏན་ནས་ཁ་བྲལ་མེད་པ་ལྟ་བུ་རེད"ཅེས་བརྗོད་པ་རེད།
         ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཟུར་གཏོགས་སྨན་ཁང་དང་པོའི་མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཞའོ་ལིའང་གིས་ཧྲའོ་ཙི་ཡན་གྱིས་སྙིང་དང་། མཆིན་པ། མཁལ་མ་གཉིས་ཀ མཐིང་སྐྱི་གཉིས་བཅས་ཞལ་འདེབས་སུ་ཕུལ་བ་རེད། དབང་པོ་4དང་མཐིང་སྐྱི་གཉིས་བཅས་ཀྱིས་མི་4ཡི་སྲོག་བསྐྱབས་པར་མ་ཟད། ད་དུང་མིག་ནད་ཕོག་མཁན་གཉིས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་ལེགས་སུ་བཏང་བ་རེད་ཅེས་བརྗོད་པ་རེད།
         ཚེ་སྲོག་གཅིག་མཇུག་རྫོགས་ཀྱང་། ཚེ་སྲོག་དྲུག་རྒྱུན་མཐུད་ངང་འཚོ་བར་བྱེད་ཐུབ་པ་རེད།
    སྨན་བཅོས་བྱེད་པའི་སྐབས་ཀྱི་་ཧྲའོ་ཙི་ཡན།
    སྨན་བཅོས་བྱེད་པའི་སྐབས་ཀྱི་་ཧྲའོ་ཙི་ཡན།
    ཕྲུ་གུ་མཚེ་མའི་འདྲ་པར།
    ཕྲུ་གུ་མཚེ་མའི་འདྲ་པར།
      

    ཕྱོགས་བསྡུས་གསར་འགྱུར།