འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་གི་འཛུགས་སྐྲུན་རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིག་གནས་རོགས་སྐྱོར་རྣམ་གྲངས་གཙོ་བོར་བཞག་པ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས“གསར་འགྱུར་དཔེ་སྐྲུན་སྒྱུར་བཅོས་འཕེལ་རྒྱས་རྣམ་གྲངས་མཛོད”ནང་དུ་བཅུག་ཅིང་། ཚེས་13ཉིན་གྱི་སྔ་དྲོ། བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་གི་དུས་ཐེངས་དང་པོའི་ལས་གྲྭ་འགོ་ཚུགས་པའི་མཛད་སྒོ་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་མཆོག་གླིང་གྲོང་ཚོར་འཚོགས་པ་རེད།
         དུས་ཐེངས་དང་པོའི་ལས་གྲྭའི་ས་བཟུང་རྒྱ་ཁྱོན་མུའུ་50དང་འཛུགས་སྐྲུན་རྒྱ་ཁྱོན་ཧ་ལམ་སྨི་ངོས་གྲུ་ཁྲི་3.5ཟིན་པར། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.7གཏོང་རྒྱུ་ཡིན་ཞིང་། བོད་ལྗོངས་རོལ་དབྱངས་ཕབ་འཇུག་རྟེན་གཞི་དང་། བོད་ལྗོངས་འགུལ་རིས་རྟེན་གཞི། བོད་ལྗོངས་རིག་གནས་ཁེ་ལས་སྐྱེད་སྲིང་བྱ་ཡུལ་སོགས་ཚུད་པ་དེ་དག་གིས་བོད་ཀྱི་འཁྲབ་གཏོང་ཁང་དང་། རོལ་དབྱངས་ཨར་ཁང་ཁྲོམ་གཞུང་། སོས་དལ་དཔེ་ཁང་སོགས་རིག་གནས་དང་ལུས་རྩལ་རྣམ་གྲངས་མང་པོ་བསྐྲུན་རྒྱུ་ཡིན་པ་རེད།
         གླིང་ཁུལ་དེ་2017ལོའི་ཟླ་10པར་དངོས་སུ་སྤྱོད་ཐུབ་བཟོ་ཡོད། དེ་དུས་བོད་ཀྱི་ལྷ་བྲིས་དང་། རྒྱུན་སྲོལ་ལག་ཤེས། རྒྱུན་སྲོལ་དཔེ་ཆ་བཟོ་སྒྲིག བོད་ཆས། བོད་ཟས། བོད་སྨན་སོགས་རིག་གནས་ཀྱི་སྒྱུ་རྩལ་མང་པོ་མཉམ་དུ་ཚོར་ཤེས་ཐུབ་ནས། བོད་ཀྱི་ཕུལ་དུ་བྱུང་བའི་ཕྱོགས་བསྡུས་རིག་གནས་སྐྱེད་སྲིང་གླིང་ཞིག་འཛུགས་རྒྱུ་དང་། ལོ་གསུམ་ནས་ལྔའི་ནང་བོད་ཀྱི་རིག་གནས་འགྲེམས་སྟོན་དང་། སྤེལ་རེས། རིག་གནས་ཡུལ་སྐོར། རིག་གནས་འཛད་སྤྱོད། རིག་གནས་གསར་བཟོ་བཅས་གཞི་གཅིག་ཏུ་འདུས་པའི་སྐད་གྲགས་ཡོད་པའི་རིག་གནས་ལྟེ་གནས་ཤིག་བསྐྲུན་རྒྱུ་ཡིན་པ་རེད།
         “ཐོན་ལས་གླིང་བསྐྲུན་རྗེས། སྤྱི་ཚོགས་ཀྱི་ཕན་འབྲས་དེ་དཔལ་འབྱོར་གྱི་ཕན་འབྲས་ལས་ལྷག་པ་ཐོན་ནས། དཔེ་སྐྲུན་རྟེན་གཞི་བསྐྲུན་པ་བརྒྱུད། སྔོན་ཐོན་རིག་གནས་ཀྱི་ཁེ་ལས་དང་། ཤེས་ལྡན་པ། ལག་རྩལ་བཅས་ནང་འདྲེན་གྱིས། བོད་ཀྱི་དཔེ་སྐྲུན་ཁེ་ལས་ཀྱི་རིག་གནས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ཐུབ་རྒྱུ་མ་ཟད། ད་དུང་ཐོན་ལས་གླིང་གི་རིག་གནས་ཐོན་ཁུངས་གཞན་དག་ཀྱང་བསྡུ་སྒྲིལ་ཐུབ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་ཡོང་བར་སྐུལ་མའང་ཐེབས་རྒྱུརེད”ཅེས་བོད་ལྗོངས་ཐན་ལིས་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཙེན་ཧེང་གིས་དེ་ལྟར་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།