འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་དཔའ་རིས་ཀྱིས་ཤྭ་བ་མང་དག་གསོས་ནས་ཞིང་དུད་ཀྱི“དབུལ་པོའི་ཞྭ་མོ”ཕུད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་ཉེ་བའི་ལོ་ཤས་རིང་ཤྭ་བ་རིགས་ཁྱུ་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་བསྟུན་ནས་དཔའ་རིས་རབ་རྒྱས་ཤྭ་བ་གསོ་ཚགས་ར་བར་ཤྭ་བ་མང་དག་གསོས་ནས་ཉེ་འགྲམ་གྱི་ཞིང་དུད་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱས་ཡོད།
         ལོ་62ལ་སླེབས་པའི་བོད་རིགས་གསོ་ཚགས་པ་ཁྲེན་ཧའེ་ཀྲུའུ་ནི་དཔའ་རིས་རབ་རྒྱས་གྲོང་རྡལ་ཐུར་ཆེན་ཐང་གྲོང་ཚོ་ནས་ཡིན་པ་དང་། དེ་སྔ་ལོ་མང་རིང་ཁོང་གིས་ཨར་ལས་ལས་ཡུལ་ཐོག་གླ་པ་བྱེད་ཀྱི་ཡོད་ནའང་ལོ་འཁོར་མོར་ཡོང་འབབ་དེ་ཙམ་རག་གི་མེད། 2015ལོའི་ཟླ་5ནས་བཟུང་ཁོང་ཤྭ་བ་གསོ་ཚགས་ར་བ་དེའི་གསོ་ཚགས་པ་བྱས་ནས་ཟླ་རེར་གླ་ཕོགས་སྒོར་3600རག་གི་ཡོད། རགས་རྩིས་བརྒྱབ་ན་ལོ་གཅིག་ལ་གླ་ཕོགས་སྒོར་ཁྲི་4ལྷག་ཙམ་ཡོད་པ་དང་། ཤྭ་བ་ཨ་མ་གསོ་ཚགས་ཡག་པོ་བྱུང་ནས་ཤྭ་ཕྲུག་མང་པོ་སྐྱེས་ཐུབ་ན་ད་དུང་ཁོང་ལ་ལས་ཕྱོད་བྱ་དགའི་དངུལ་ཡང་རག་གི་ཡོད།
          ཁོང་གིས་གསར་འགོད་པར་ངའི་བཟའ་ཟླའང་གསོ་ཚགས་ར་བའི་ནང་ལས་ཀ་བྱེད་ཀྱི་ཡོད་པས་ང་གཉིས་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6ཙམ་ཡོད། ད་ཆ་ང་གཉིས་བཟའ་ཚོ་གཉིས་ཀྱིས“གསོ་ཚགས་ར་བ་དེ་རང་ཁྱིམ་དུ་རྩིས་ཀྱི་ཡོད”ཅེས་དང་། “ཐག་རིང་དུ་འགྲོ་མི་དགོས་པར་ཡོང་འབབ་འདི་ལྟ་བུ་བྱུང་བ་ནི་དེ་སྔ་བསམ་བློར་ཡང་འཁོར་མྱོང་མེད”ཅེས་བཤད། རབ་རྒྱས་ཤྭ་བ་གསོ་ཚགས་ར་བའི་ནང་ཁྲེན་ཧའེ་ཀྲུའུ་བཟའ་ཚོ་དང་འདྲ་བའི་བཟའ་ཚོ་20ལྷག་ཡོད།
         རབ་རྒྱས་ཤྭ་བ་གསོ་ཚགས་ར་བའི་སྤྱི་ཁྱབ་ཁྲང་ཀྲང་ཀན་ཧྲའོ་ཨེན་གྱིས་ཤྭ་བ་གསོ་ཚགས་ར་བ་དེ་1998ལོར་བཙུགས་ནས་ཐན་ཧྲན་ཤྭ་བ་དང་། ཨའར་ཐའེ་ཤྭ་བ། ཤར་བྱང་ཤྭ་བ། ཐ་ལི་མུའུ་ཤྭ་བ་སོགས་རིགས་མང་པོ་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་མིག་སྔར་ལག་ཡོད་ཤྭ་བ་རིགས་མི་འདྲ་བ་མགོ་གྲངས་2000ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས།
         ཤྭ་བ་ལོ་རེ་བཞིན་མང་དུ་འགྲོ་བ་དང་གསོ་ཚགས་ར་བའི་ནང་ལས་ཀ་བྱེད་མཁན་ཀྱང་ལོ་རེ་བཞིན་མང་དུ་གཏོང་དགོས་ཀྱི་ཡོད། ཀན་ཧྲའོ་ཨེན་གྱིས་མིག་སྔར་གསོ་ཚགས་ར་བའི་ལས་བཟོ་བ་མི་གྲངས་100ལས་བརྒལ་ཡོད་པ་དང་ང་རང་ཚུད་པའི་ལས་བཟོ་བ་ཚང་མ་ས་ཆ་དེ་གའི་བོད་རིགས་དང་རྒྱ་རིགས་ཞིང་པ་ཡིན། གཞན་ཡང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱ་ཆེད་ཤྭ་བ་གསོ་ཚགས་ར་བས་ད་དུང་ཉེ་འགྲམ་གྲོང་ཚོའི་དབང་པོ་སྐྱོན་ཅན་13ཆེད་མངགས་ལས་ཀར་བཅུག་ནས་ཁོང་ཚོར་ལྟ་རྟོགས་བྱེད་པའི་ལས་ཀ་སོགས་ལས་ཀ་ཙག་ཙིག་སྐུལ་གྱི་ཡོད། དབང་པོ་སྐྱོན་ཅན་ལ་ཟླ་རེར་གླ་ཕོགས་སྒོར་3000ཙམ་ཡོད་པས་འཚོ་བ་འཁྱོལ་མི་ཐུབ་པའི་སེམས་ཁྲལ་མེད་ཅེས་བཤད།
         ཤྭ་བ་གསོ་ཚགས་ར་བའི་ལག་རྩལ་པས་ཤྭ་བའི་གཟུགས་པོ་ཚང་མ་ནོར་བུ་ཡིན་པ་དང་ཤྭ་རིགས་ཆེ་གྲས་ཀྱི་ཁོངས་སུ་གཏོགས་པ་དང་གཟུགས་དབྱིབས་ནི་རྟ་ཧྲག་དང་འདྲ་བ་ལས་མིང་དེ་ལྟར་ཐོབ་ཡོད། ཤྭ་བའི་ཁྲག་ར་ཐོན་ཚད་མཐོ་བ་དང་སྤུས་ཚད་ལེགས་པས་ཀྲུང་ལུགས་ཀྱི་སྨན་རྫས་རྩ་ཆེན་ཡིན་པ་དང་གཟུགས་པོ་སྐྱོ་བ་དང་དབང་རྩ་ཉམས་པ་སོགས་ཀྱི་ནད་གཞིར་སྨན་བཅོས་ཀྱི་ནུས་པ་ཧ་ཅང་བཟང་པོ་ལྡན་ཡོད་ཅེས་ངོ་སྤྲོད་བྱས།
         རབ་རྒྱས་ཤྭ་བ་གསོ་ཚགས་ར་བའི་ཀུང་སི་ཨ་མ་ཀན་སུའུ་གསར་གཏོད་སྐྱེ་དངོས་ལས་གྲྭ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཙུང་ཕིང་གིས་ཤྭ་བ་གསོ་ཚགས་ར་བར་གསོ་ཚགས་ཡག་པོ་བྱུང་བས་ཀུང་སི་དེའི་ཤྭ་བའི་ཁྲག་ར་ཐོན་ཚད་དེ་སྔ་ལས་50%ཡན་འཕར་ཡོད། མིག་སྔར་ཀུང་སི་དེའི་ཤྭ་བའི་ཐོན་རྫས་མཉེན་པའི་སྤྱིན་ཐུམ་ཐོན་སྐྱེད་བྱེད་ཚད་ལོར་རིལ་བུ་དུང་ཕྱུར་3གྱི་གཞི་ཁྱོན་ཟིན་ཡོད་པ་དང་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་6ཙམ་ཡོང་གི་ཡོད། ཐོན་རྫས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་10ལྷག་ཙམ་ལ་གཏོང་གི་ཡོད་ཅེས་བཤད།
         “ད་ཆ་ཤྭ་བ་གསོ་ཚགས་ཡག་པོ་བྱས་ནས་དངུལ་མང་ཙམ་བསགས་ཏེ་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཁྲེན་ཧའེ་ཀྲུའུ་ཡིས་ཤོད་ཞོར་དུ་རྒྱབ་ཀྱི་གཟན་རྩྭ་རླངས་འཁོར་གང་ཡོད་པ་ཚང་མ་ཤ་ཤེད་རྒྱས་པའི་ཤྭ་བ་དེ་དག་གིས་ཟས་ཟིན།
      

    ཕྱོགས་བསྡུས་གསར་འགྱུར།