འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་སྦྲེལ་གྱིས་བོད་ཀྱི་ས་གཙང་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དཔྱིད་དཔལ་རབ་ཏུ་བཞད་པའི་ཟླ་4པར་མལ་གྲོ་གུང་དཀར་རྫོང་གྲོང་གི་ཁྲོམ་གཞུང་གང་སར་བྲེལ་འཚུབ་གྱི་རྣམ་པས་ཁེངས་ཡོད་པ་དང་ཁྲོམ་རའི་གང་སར་ཉོ་ཚོང་གཉིས་དར་གྱི་རྣམ་པ་མཐོང་རྒྱུ་ཡོད། རྒྱལ་ལམ་318ལམ་རྒྱུད་དུ་བསྒར་བའི“‘མལ་གྲོའི་ས་གཙང’གི་དྲ་སྦྲེལ་+ཁྱད་ལྡན་ཐོན་རྫས་ཚོགས་པ་གཏོད”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་དེས་ཡུལ་སྐོར་ཚོང་པ་མང་པོའི་ཡིད་དབང་བཀུག་ཡོད།
         འགྲེམས་ཚོང་བྱ་ཡུལ་དུ་རྩམ་པ་དང་། པད་ཁའི་སྣུམ། བོད་བཟོའི་ཀོ་ཁུག ཕྱུར་བ། མར། སྤོས་སོགས་མལ་གྲོ་གུང་དཀར་རྫོང་གི་ཁྱད་ལྡན་ཚོང་ཟོག་ལྟ་བས་མི་ངོམ་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད།
         འགྲེམས་ཚོང་གི་འགན་ཁུར་བ་དཀོན་མཆོག་དོན་གྲུབ་ཀྱིས“མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་ཡུལ་སྐོར་བ་དེ་བས་མང་བ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་དུ་ཡོང་གི་ཡོད་པས་བོད་རང་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མལ་གྲོ་གུང་དཀར་རྫོང་ནས་ཐོན་པའི་ཞིང་འབྲོག་ཐོན་རྫས་དང་ལག་བཟོས་ཐོན་རྫས་ཁག་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་མལ་གྲོ་གུང་དཀར་རྫོང་གནས་ཡུལ་བལྟོས་བཅས་ཀྱིས་ལུང་ཁུག་ཡིན་པས་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་ཐབས་ཀྱིས་ཁྱད་ལྡན་ཐོན་རྫས་ཁྲོམ་ར་རྦད་དེ་བཏོད་ཐབས་བྲལ་སྟབས་ས་ཆ་དེ་རང་གི་མཉམ་ལས་ཁང་ལྔ་ཡིས་གུང་གཞོན་སྡེ་ཚོགས་རྫོང་ཨུད་ཀྱི་རོགས་རམ་འོག‘མལ་གྲོའི་ས་གཙང’གི་དྲ་སྦྲེལ་+ཁྱད་ལྡན་ཐོན་རྫས་ཚོགས་པ་གཏོད་དེ་བསྡུ་སྒྲིལ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས་དྲ་ཐོག་ཏུ་ཕྱིར་ཚོང་བྱས་ཚེ་མ་གནས་གཏོང་ཉུང་བ་དང་། ཕན་འབྲས་ཐོན་མགྱོགས་པ། འཛད་སྤྱོད་ཚོགས་པ་མང་དུ་འགྲོ་བ། བཀོལ་སྤྱོད་སྟབས་བདེ་བ་བཅས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་དྲ་ཐོག་ཕྱིར་ཚོང་གི་ལས་སྟེགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་འབྲེལ་ཐའོ་པའོ་དྲ་བ་དང་ཅིང་ཏུང་ཚོང་ཁང་སོགས་གློག་རྡུལ་ཚོང་དོན་གྱི་ལས་སྟེགས་བརྒྱུད་ཁྱད་ལྡན་སྤུས་རྟགས་གཏོད་དེ་བོད་མི་རིགས་ཀྱི་ཁྱད་ལྡན་ཚོང་ཟོག་དེ་བས་མང་བ་དང་དེ་བས་ཡག་པ་འཛམ་གླིང་ཐོག་ཁྱབ་པ་བྱས་ཡོད། ཚོགས་པ་དེས་མལ་གྲོ་གུང་དཀར་རྫོང་ཀ་ཚལ་ཁུལ་གསར་དུ“མལ་གྲོའི་ས་གཙང”གི་དྲ་སྦྲེལ་+ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ཁང་བཙུགས་པ་དང་ཉམས་ལེན་ཁང་ཡང་སྒོ་འབྱེད་ཉེར་ཡོད། “ཚོང་ཁང་དང་ཉམས་ལེན་ཁང་དུ་ཡོང་མཁན་གྱི་འཛད་སྤྱོད་པས་ཚོང་ཟོག་ངོ་མ་མཐོང་སྐབས་ཚོང་ཟོག་ཁྲོད་ནས་མངོན་པའི་བོད་མི་རིགས་ཀྱི་རིག་གནས་ཐད་ཀར་མྱོང་རོལ་ཐུབ་པ་བྱ་རྒྱུ་དེ་ནི་མལ་གྲོའི་སྔོ་ལྗང་དྲ་སྦྲེལ་གྱི་ས་གཙང་ཁྱད་ལྡན་ཐོན་རྫས་བཏོད་པའི་དམིགས་ཡུལ་གཙོ་བོ་ཡིན”ཞེས་དཀོན་མཆོག་དོན་གྲུབ་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
      

    ཕྱོགས་བསྡུས་གསར་འགྱུར།