འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྤྱིར་ན་ཆགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་ཀྱི་འགྲིམ་འགྲུལ་ཁྱབ་ཁོངས་སུ་མྱུར་བགྲོད་གཞུང་ལམ་མེད་པའི་ཐད་ཚད་བརྒལ་བྱུང་ནས་མཁའ་འགྲུལ་ཀུང་སི་ཐོག་མ་དེ་བཙུགས་པ་དང་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཀྲུང་གོའི་རྫོང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ་ནས་དེང་རབས་ལྕགས་ལམ་ཏཱ་ལ་དང་པཎ་ཆེན་གྱི་བཞུགས་གནས་དང་ཐོག་མར་སྦྲེལ་མཐུད་ཐུབ་ཡོད་པ་རེད།
         འགྲིམ་འགྲུལ་ཁྱབ་ཁོངས་ཀྱི“ལོ་རྒྱུས་ཁག་བཞི”མཇུག་འགྲིལ་རྗེས་ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ལས་གྲུབ་པའི་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྤྱིར་ན་ཆགས་ཡོད་པ་རེད།
         བོད་འདི་ཉིད་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་རང་བྱུང་ཆ་རྐྱེན་ཞན་ཁར་དཔལ་འབྱོར་རྨང་གཞི་ཉམས་ཞན་ཡིན་པ་སོགས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་འགྲིམ་འགྲུལ་སྒྲིག་བཀོད་དུས་ཡུན་རིང་པོ་རྗེས་ལུས་ཐེབས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་667.4ལྷག་ཙམ་བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་2.6ཡིན་པ་རེད།
         2015ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་7.8ཟིན་པ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་99.2%ཟིན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་གཞུང་ལམ་དེ་འཕེལ་རྒྱས་མྱུར་ཤོས་དང་། མ་དངུལ་གཏོང་མང་ཤོས། འཛུགས་སྐྲུན་བྱས་འབྲས་མངོན་གསལ་དོད་ཤོས། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ཡག་ཤོས་བཅས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད།
         2011ལོའི་ཟླ་7ཚེས་17ཉིན་བོད་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པའི་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དེ་ཐོག་ནས་གངས་ལྗོངས་ས་མཐོར་མྱུར་བགྲོད་གཞུང་ལམ་གྱི་དུས་རབས་སླེབས་ཏེ་རིམ་པ་མཐོ་བའི་གཞུང་ལམ་མེད་པའི་ཐད་ཚད་བརྒལ་བྱུང་བ་མཚོན་ཡོད་པ་རེད།
         2011ལོའི་ཟླ་7ཚེས་26ཉིན་བོད་ཀྱི་མཁའ་འགྲུལ་ཀུང་སི་ཐོག་མ་ཡིན་པའི་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་པ་དང་སྦྲགས་འཕུར་ཐེངས་དང་པོའི་མཛད་སྒོ་ལྷ་ས་གོང་དཀར་གནམ་ཐང་དུ་གཉེར་བས་ས་གནས་དེ་གར་མཁའ་འགྲུལ་ཀུང་སི་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད་པ་རེད།
         2013ལོའི་ཟླ་10ཚེས་31ཉིན་ལམ་ཐག་ཧྲིལ་པོར་སྤྱི་ལེ་117ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་16ཙམ་བཏང་བའི་མེ་ཏོག་རྫོང་གི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཀྲུང་གོའི་རྫོང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ་ཡོད་པ་རེད།
         2014ལོའི་ཟླ་8ཚེས་15ཉིན་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལྕགས་ལམ་ཐོག་མ་ཡིན་པའི་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་སྟེ་འཁོར་སྐྱོད་བྱས་པ་དེ་ཐོག་ནས་དེང་རབས་ལྕགས་ལམ་ཏཱ་ལ་དང་པཎ་ཆེན་གྱི་བཞུགས་གནས་དང་ཐོག་མར་སྦྲེལ་མཐུད་ཐུབ་པ་མཚོན་པ་མ་ཟད། བོད་ཀྱི་ལྷོ་ནུབ་ས་ཁུལ་དུ་དུས་ཡུན་རིང་པོ་གཞུང་ལམ་སྐྱེལ་འདྲེན་བྱེད་སྟངས་རྐྱང་པ་ཡིན་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་སྟེ་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཁུལ”དང“ཆུ་ཚོད་གཉིས་ཀྱི་དཔལ་འབྱོར་ཁུལ”བཏོད་དེ“འཕྲེད་བཞི་གཞུང་གསུམ་དང་བགྲོད་ལམ་བདུན”གཙོ་བོར་བྱེད་པ་དང་ཞིང་ཆེན་ལམ་དང་། འགག་སྒོའི་གཞུང་ལམ། མཐའ་སྲུང་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཅས་གཞུང་ལམ་15རྨང་གཞིར་བྱས་པ་དང་བོད་དབུས་རྒྱུད་དང་། བོད་ཤར་རྒྱུད། བོད་ནུབ་རྒྱུད་བཅས་ཀྱི་དཔལ་འབྱོར་ཁུལ་3ལ་སྤྱིར་ན་ཁྱབ་པའི་གཞུང་ལམ་དྲ་རྒྱ་ཆགས་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།