འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རོ་མ་ནི་ཡས་ཆུ་ཚན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རོ་མ་ནི་ཡའི་དཔལ་འབྱོར་དང་། ཚོང་དོན། ཚོང་ལས་ཁོར་ཡུག་པུའི་དཔོན་རིགས་ཀྱིས་ཉེ་ཆར་ཤང་གྲོང་ཡུལ་སྐོར་དང་། ཆུ་ཚན་ཡུལ་སྐོར། ཏོ་ནུའོ་ཧོ་གཙང་པོའི་ཟུར་གསུམ་ཁུལ་གྱི་ཡུལ་སྐོར་བཅས་ནི་རྒྱལ་ཁབ་དེའི་ཡུལ་སྐོར་འཕར་རྒྱུར་ཡར་སྐུལ་བྱེད་པའི་ཁྱབ་ཁོངས་གཙོ་བོ་དེ་ཡིན་ལུགས་བརྗོད་ཡོད།
         དཔལ་འབྱོར་དང་། ཚོང་དོན། ཚོང་ལས་ཁོར་ཡུག་པུའི་རྒྱལ་དོན་དྲུང་ཡིག་ཁེ་ལའོ་ཏི་ཝུའུ·ཕེ་ལུན་ཆ་ནུའུ་ཡིས་ཉིན་དེར་རོ་མ་ནི་ཡའི་དཔྱིད་དུས་ཡུལ་སྐོར་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་དེ་འཐབ་ཇུས་ཀྱི་གཙོ་གནད་གྲས་ཤིག་ཏུ་རྩིས་ནས་རོ་མ་ནི་ཡའི་ཡུལ་སྐོར་ལས་རིགས་དང་ལྷག་པར་དུ་ཆུ་ཚན་ཡུལ་སྐོར་ཕྱོགས་ཡོངས་ནས་དར་འཕེལ་གཏོང་རྒྱུའི་རེ་བ་བཏོན་ཡོད།
         རོ་མ་ནི་ཡ་རྒྱལ་ཁབ་ཡུལ་སྐོར་ཧྲུའུ་ཡི་ཧྲུའུ་ཀྲང་ཨན་ག·ཕ་ཝུའེའར་-ནེ་ཏེ་ཡ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་རོ་མ་ནི་ཡའི་ཡུལ་སྐོར་ལ་གཏིང་ཤུགས་ཆེན་པོ་ལྡན་པས་ངེས་པར་དུ་མིག་སྔའི་ས་བབ་ཐད་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་དུས་བབ་གང་ལེགས་སྤྱད་དེ་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཡིད་དབང་བཀུག་དགོས། མིག་སྔར་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ན་ནིང་རོ་མ་ནི་ཡར་ཡུལ་སྐོར་དུ་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱུན་མཐུད་ངང་འཕར་བ་མ་ཟད་ཡུལ་སྐོར་ཀུང་སིས་ཆེད་མངགས་མི་གཤིས་ཅན་གྱི་ཞབས་ཞུ་གསར་པ་ཁག་གཅིག་ཁྱབ་གདལ་བཏང་ཡོད་ལུགས་བརྗོད་ཡོད།
         དུས་ཡུན་ཉིན་4ཡི་རོ་མ་ནི་ཡའི་དཔྱིད་དུས་ཡུལ་སྐོར་འགྲེམས་སྟོན་དེ་ཚེས་28ཉིན་པུའུ་ཅ་ལེ་སི་ཐེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་མཇུག་འགྲིལ་བ་དང་རྒྱལ་ཁབ་15ནས་ཡོང་བའི་ཀུང་སི་280ལྷག་ཙམ་གྱིས་སྨི་ངོས་གྲུ་ཁྲི་1.38ཙམ་གྱི་འགྲེམས་སྟེགས་ཐོག་རང་ངོས་ཀྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱས་ཡོད།
         རོ་མ་ནི་ཡའི་རྒྱལ་ཁབ་ཡུལ་སྐོར་ཧྲུའུ་ཡིས་དེ་སྔ་ཟླ་གཉིས་ཙམ་གྱི་སྔོན་དུ་རོ་མ་ནི་ཡས་2016ལོར་ཨུ་རུ་སུའི་ཁྲོམ་ར་གཙོ་གནད་ཐོག་གསར་སྤེལ་བྱས་ཏེ་ཆུ་ཚན་ཡུལ་སྐོར་དང་ལུས་གསོ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཨུ་རུ་སུའི་ཡུལ་སྐོར་བ་རོ་མ་ནི་ཡར་ཡོང་རྒྱུར་ཡིད་དབང་བཀུག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།