འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ལྗང་མདོག་སྲུང་ཡོལ་བཏོད་ནས་ཆུ་དྭངས་མ་ཤར་ཕྱོགས་སུ་ཤང་ཤང་
    དུ་རྒྱུག་ཐུབ་པའི་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣོད་བཅུད་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་གནས་གཞིར་བཟུང་ཉེ་བའི་ལོ་ཤས་རིང་འབྲི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཡུན་ནན་ཞིང་ཆེན་གྱིས་ལྗང་མདོག་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ས་ཆུ་གསོ་འཁྱོངས་འདུ་འགོད་དང་། རྨོ་བསྐྱུར་ནགས་གསོ་རྩྭ་གསོ། བྱེ་ས་ཅན་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཆུ་དྭངས་མ་ཤར་ཕྱོགས་སུ་ཤང་ཤང་དུ་རྒྱུག་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
          འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཡུན་ནན་ལ་ས་བབ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཞིང་། ཆུ་ལམ་ཡག་ཤོས་ལ་བརྟེན་པ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱས་པ་བརྒྱུད་ཡུན་ནན་ལ་སླར་ཡང་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཆེན་པོ་ཞིག་ཐོབ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཡུན་ནན་ཁྱབ་ཁོངས་སུ་བདེ་ཆེན་དང་། ལི་ཅང་། ཏ་ལི། ཁྲུའུ་ཞུང་། ཁུན་མིན། ཆུས་ཅིང་། ཧྲའོ་ཐུང་སོགས་ཀྲོའུ་དང་གྲོང་ཁྱེར་ཡོད་པ་དང་ཆུ་བོ་རྒྱུག་ཁུལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10.95ཟིན་གྱི་ཡོད་པ་རེད། ཆུ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་ཁག་གིས་སྣོད་བཅུད་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འགལ་བ་སེལ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད།
         ཡུན་ནན་ཞིང་ཆེན་གྱི་ཧྲུའེ་ཕུའུ་གྲུ་ཁར“ལེ་དབར་ཁྲི་ཡི་འབྲི་ཆུའི་གྲུ་ཁ་དང་པོ”ཞེས་བརྗོད་སྲོལ་ཡོད། 2015ལོ་བར་ཧྲུའེ་ཕུའུ་རྫོང་གནས་ཡུལ་ཧྲའོ་ཐུང་གྲོང་ཁྱེར་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་ས་ཆུ་སྲུང་འཛིན་གྱི་གཙོ་གནད་འགོག་བཅོས་ལས་གྲྭ་དང་ཆུ་བོ་རྒྱུག་ཁུལ་ཆུང་གྲས་བཅོས་སྐྱོང་ལས་གྲྭ་འཛུགས་སྐྲུན་བྱས་ཤིང་། རིམ་རྩིས་བྱས་ན་ས་ཆུ་ཤོར་རྒྱ་སྤྱི་ལེ་ངོས་གྲུ་2043བཅོས་སྐྱོང་བྱས་ཡོད་པ་རེད། ཆུ་ཁུངས་ས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་སྟེ“བཅོས་སྒྲིག་དང་། བེད་སྤྱོད། འགན་ལེན”བཅས་ཀྱི་ཆུ་རྒྱུག་ཁུལ་གྱི་སྦགས་བཙོག་གཙང་སེལ་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་བརྒྱུད་ས་ཁོངས་ནང་གི་གཙང་པོ་དང་ཆུ་བོ་གཙོ་གྲས་ཁག་24ཡི་ལྟ་སྐུལ་ཚད་ལེན་བཅད་ཁའི་ཆུ་སྤུས་དག་ཚད་87.5%ཟིན་པ་དང་བྱེ་རྡོ་ཅན་གྱི་ས་ངོས་སུ་རྩྭ་རྩི་ཤིང་ཁྱབ་རྒྱ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་15%ཆེ་རུ་སོང་ཡོད་པ་རེད།
         ལི་ཅང་གྲོང་ཁྱེར་ཁོངས་སུ་འབྲི་ཆུ་རྒྱུག་ཁུལ་རྒྱ་ཁྱོན་སྤྱི་ལེ་651ཟིན་གྱི་ཡོད། གསར་འགོད་པར་ལི་ཅང་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། བཀག་སྡོམ་དང་ཚོད་འཛིན་བྱེད་པའི་གསར་སྤེལ་ཁུལ་འདེགས་སྐྱོར་དུ་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་བ་དང་ཡུས་ལུང་གངས་རི་དང་། འབྲི་ཆུ། ལི་ཅང་གནའ་གྲོང་བཅས་གཙོ་གནད་དུ་བཟུང་བའི“རི་བོ་གཉིས་དང་། མཚེའུ་གསུམ། གཙང་པོ་གཅིག གྲོང་ཁྱེར་གཅིག”བཅས་གྲུབ་ཆ་གཙོ་བོར་བྱས་ནས་ཐོན་སྐྱེད་བར་མཐོངས་དང་། འཚོ་བའི་བར་མཐོངས། སྣོད་བཅུད་བར་མཐོངས་བཅས་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། 2015ལོར་སླེབས་སྐབས་གྲོང་ཁྱེར་དེ་ཡོངས་སུ་ནགས་ཚལ་ཁྱབ་ཚད་སྔོན་མའི་40.33%ནས་66.15%བར་མཐོ་རུ་སོང་བ་དེ་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་13གྱིས་མཐོ་བ་ཡོད་པ་རེད།
         ལི་ཅང་གཙང་པོའི་ཆུ་གྱེན་དུ་བསྐྱོད་ན“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་སྲོལ་ཡོད་པའི་ཤར་ལྷོའི་མཐའ་རུ་ཆགས་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་སླེབས་ཀྱི་ཡོད། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་གཞུང་ནས་རྒྱུག་པའི་བདེ་ཆེན་ནི“གཙང་གསུམ”དབུས་སྟོད་རྒྱུད་ཀྱི་ས་ཆུ་གསོ་འཁྱོངས་ཅུང་ཡག་པོ་བྱུང་བའི་རྒྱུད་ཅིག་ཡིན་པ་དང་འབྲི་ཆུའི་དབུས་སྨད་རྒྱུག་ཁུལ་གྱི་ཁོར་ཡུག་བདེ་འཇགས་ཐད“སྒོ་མོ”གལ་ཆེན་གྱི་ནུས་པ་ཐོན་བཞིན་ཡོད་པ་རེད།
         1998ལོ་ཚུན་དུ་བདེ་ཆེན་གྱིས་རྨོ་བསྐྱུར་ནགས་གསོ་འདུ་འགོད་དང“སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད”སོགས་སྔ་རྗེས་སུ་ལག་ལེན་བསྟར་ནས་སྐབས་ཤིག་གཅོད་རྒྱུ་ཚད་ལས་བརྒལ་བའི་ནགས་ཚལ་ཐོན་ཁུངས་སླར་གསོ་བྱས་པ་རེད། གསར་འགོད་པར་བདེ་ཆེན་ཀྲོའུ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། ན་ནིང་བར་བདེ་ཆེན་ཀྲོའུ་ཡི་ནགས་ཚལ་ཁྱབ་རྒྱ་74.9%ཟིན་པ་དང་ཤིང་ནགས་གསོག་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.64ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པ”ཡི་དུས་མཇུག་ལས་1%དང་9.5%སོ་སོར་མཐོ་རུ་ཕྱིན་ཡོད་པ་རེད།
         ཡུན་ནན་ཞིང་ཆེན་ནགས་ལས་ཐིང་གིས་ངོ་སྤྲོད་བྱས་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡུན་ནན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ནགས་ཚལ་འཛུགས་སྐྱོང་། འགོག་སྲུང་ཤིང་ནགས་འཛུགས་སྐྱོང་། བྱེ་རྡོ་ཅན་བཅོས་སྐྱོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་། སྣོད་བཅུད་ཕན་འབྲས་ཁ་གསབ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཞིང་ཆེན་དེ་ཡོངས་ཀྱིས་ནགས་ཚལ་མུའུ་ཁྲི1048འཛུགས་སྐྱོང་བྱས་པ་དང་། བྱེ་རྡོ་ཅན་གྱི་གཙོ་གནད་ས་ཁུལ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་པ། ནགས་ལས་སྣོད་བཅུད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ། ས་ཁུལ་ཁ་ཤས་ཀྱི་སྣོད་བཅུད་ཇེ་ཞན་དུ་འགྲོ་བའི་རྣམ་པ་ནུས་ལྡན་ངང་འགོག་ཐུབ་པ་བྱུང་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རེས་སྐོར་གསར་པར་རྨོ་བསྐྱུར་ནགས་གསོ་རྩྭ་གསོ་མུའུ་ཁྲི1278བྱ་རྒྱུ་ཡིན་པ་རེད།
         “རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་ནང་འཇུག་པར་བྱེད་པའི་ཁྲོད། ཡུན་ནན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུའི་ནུས་པ་བཅོས་སྐྱོང་གི་གལ་ཆེའི་གནས་བབ་འབུར་དུ་ཐོན་པ་བྱ་རྒྱུ་ཡིན་ཞིང་། རྨོ་བསྐྱུར་ནགས་གསོ་དང་བྱེ་རྡོ་ཅན་བཅོས་སྐྱོང་བྱེད་པ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་འགོག་སྲུང་ནགས་ཚལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྗང་མདོག་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ནས་ཡུན་ནན་དེ་ཉིད་དར་གོས་ཚོང་ལམ་ཐོག་གི་ལྗང་མདོག་མུ་ཏིག་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ལྗང་མདོག་ཆུ་གསོག་མཐོ་ལྕོག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན”ཞེས་ཡུན་ནན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ལེང་ཧྭ་ཡིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།