འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་
    ཐེངས་དང་པོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ཡོམ་འགོག་གེགས་སེལ་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་ཡོམ་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཐེངས་དང་པོ་ཉེ་ཆར་སྤེལ་འགོ་ཚུགས་པ་རེད། ཟི་ལིང་གྲོང་ཁྱེར་དང་། མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུའང་བྱེད་སྒོ་མཉམ་དུ་སྤེལ་འགོ་ཚུགས་པ་རེད།
         མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་དེ་གོང་ལ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་2015ལོའི་ཟླ་12ཚེས་1ཉིན་དངོས་སུ་ལག་བསྟར་བྱས་པའི་《མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་སྲོལ་ཡིག་》ནང་གི་དོན་ཚན་བཞི་བཅུ་ཞེ་ལྔ་པའི་གཏན་འབེབས་གཞིར་བཟུང་། “ལོ་ལྟར་གྱི་ཟླ་4ཚེས་14ཉིན་འཁེལ་བའི་གཟའ་འཁོར་ཚང་མ་ཞིང་ཆེན་དེ་ཡོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་དྲིལ་བསྒྲགས་གཟའ་འཁོར་ཡིན་པ”དང་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་དྲིལ་བསྒྲགས་གཟའ་འཁོར་ཐེངས་དང་པོའི་དུས་ཚོད་ནི་2016ལོའི་ཟླ་4ཚེས་11ནས་ཟླ་4ཚེས་15ཉིན་བར་གཏན་འཁེལ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་གཟའ་འཁོར་རིང་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་སློབ་གྲྭ་དང་། ལས་ཁུངས། བཀྲམ་དངོས་ཤེལ་སྒྲོམ། གྲངས་ཉུང་མི་རིགས་ས་ཁུལ་སོགས་སུ་དྲིལ་བསྒྲགས་བྱས་ནས་ཟི་ལིང་གྲོང་ཁྱེར་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ། གོར་མོ་ས་ཁུལ་བཅས་སོ་སོར་ཡོམ་འགོག་གེགས་སེལ་སྐོར་གྱི་གློག་བརྙན་ཁག་6དང་། ཡོམ་འགོག་གེགས་སེལ་གྱི་སྤྱི་ཕན་བརྡ་ཁྱབ་བརྙན་ཐུང་1སློབ་གྲྭའི་པར་གཞིའི་ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་དང་སྡེ་ཁུལ་པར་གཞིའི་ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་1བཅས་སྟོན་པ་དང་། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་སྒྲིག་འཛུགས་གསར་རྩོམ་བྱས་པའི་དྲིལ་བསྒྲགས་བྱ་ཡུལ་མི་འདྲ་བ་དང་འཚམས་པའི་ཡོམ་འགོག་གེགས་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་ཀྱི་འགེལ་རིས་དེ་དྲིལ་བསྒྲགས་བཀྲམ་དངོས་ཤེལ་སྒྲོམ་ནང་སྦྱོར་བ། བུ་བཅོལ་ཁང་དང་སློབ་གྲྭ་ཁག་གིས་སློབ་མ་སྒྲིག་འཛུགས་བྱས་ཏེ་ས་ཡོམ་འཕྲལ་སྡོམ་ཁ་བཀྲམ་གྱི་ནང་སྦྱོང་ཉུང་མཐར་ཡང་ཐེངས་གཅིག་བྱེད་པ། རིམ་ཁག་ཏང་གི་སློབ་གྲྭས་(སྲིད་འཛིན་སློབ་གླིང)དུས་ཐོག་ཏུ་འགོ་ཁྲིད་ལས་བྱེད་པ་དང་གཞུང་ཞབས་པར་དམིགས་པའི་ཡོམ་འགོག་གེགས་སེལ་གྱི་གསོ་སྦྱོང་ཐེངས་རེ་སྤེལ་བ་བཅས་བྱ་རྒྱུ་ཡིན་པ་རེད།
         གཞན་ཡང་ཟླ་4ཚེས་12ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཡི་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཧོ་མིན་གྲོང་རྡལ་ཅིན་ཡོན་ཐང་ཆེན་དུ་ཞིང་ཆེན་དེ་ཡོངས་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཐེངས་དང་པོ་སྤེལ་བ་དང། ཟླ་4ཚེས་14ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་མདོ་གྲོང་རྡལ་གེ་སར་ཐང་ཆེན་དུ་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་དྲིལ་བསྒྲགས་གཟའ་འཁོར་ཐེངས་དང་པོ་དང“དུས་བདེའི་ཀྲུང་གོ”ཡུལ་ཤུལ་དུ་དྲིལ་བསྒྲགས་བྱེད་པའི་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།