འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་འདི་ལོར་མི་ཁྲི་2.5ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་འདི་ལོར་མི་ཁྲི་2.5ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ནས“སོ་སོའི་ཡུལ་གྱིས་སོ་སོའི་མི་གསོ་མི་ཐུབ་པའི”མི་འབོར་དབུལ་པོ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ནས་གནས་སྤོ་ཐུབ་པ་དང་། བརྟན་པོར་གནས་ཐུབ་པ། ལས་ཀ་བྱེད་རྒྱུ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ཡོང་བར་བྱས་ཏེ་གནས་སྤོ་བྱེད་མཁན་མགྱོགས་མྱུར་དབུལ་སྒྲོལ་ཐུབ་པའི་འགན་ལེན་གྱིས་འཚོ་སྡོད་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་ཏེ། 2020ལོར་སླེབས་སྐབས་གནས་སྤོས་མི་རྣམས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་པ་རེད།
         མིག་སྔར། རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གསར་སྤེལ་བཀག་སྡོམ་ས་ཁོངས་ཀྱི་གཙོ་གནད་སྣོད་བཅུད་ཕན་ནུས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་57.11ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་47.51%ཟིན་པ་དེར་མི་གྲངས་ཁྲི་17.3ཡོད་པ་དེས་ལྗོངས་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་5.76%ཟིན་ཡོད་ཅིང་། སྣོད་བཅུད་ཁོར་ཡུག་ཞན་པའི་དབང་གིས་མི་མང་ཆེ་བའི་ཡོང་འབབ་ཀྱང་ཅུང་དམའ་པོ་ཡིན་པ་རེད། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་ཞན་སར་གནས་པའི་མི་འབོར་དབུལ་པོ་རྣམས་རང་བྱུང་ཁོར་ཡུག་སྔར་བས་བཟང་པོ་དང་། ཐོན་སྐྱེད་རྒྱུ་ཆ་སྔར་བས་ཆ་ཚང་། འཚོ་བའི་ཆ་རྐྱེན་སྔར་བས་སྟབས་བདེ་བཅས་ཡོད་པའི་ས་ཁོངས་སུ་གནས་སྤོ་བྱེད་དུ་འཇུག་རྒྱུ་ཡིན་པ་རེད། གནས་སྤོ་བྱས་རྗེས་གནས་སྤོ་བྱེད་མཁན་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་། ཡོང་འབབ་ཚད་གཞི། དངོས་པོའི་རིག་གནས་ཀྱི་འཚོ་བའི་ཆུ་ཚད། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་བཅས་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་ཡིན་པ་མ་ཟད་དེ་སྔོན་སྡོད་སའི་སྣོད་བཅུད་ཁོར་ཡུག་ཀྱང་ལེགས་སུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་སྟངས་ལ་ཚང་མ་གནས་སྤོ་དང་ཁག་གཅིག་གནས་སྤོ་གཉིས་ཡོད། འཚོ་སྡོད་ཆ་རྐྱེན་ཞན་པ་དང་སྣོད་བཅུད་གནས་ཡུལ་གལ་ཆེན་དང་ཡང་ན་ཡུལ་ནད་ཚབས་ཆེན་ཡོད་པའི་ས་ཆར་བལྟོས་བཅས་ཀྱིས་གཅིག་སྡུད་ཐོག་གནས་པའི་མང་ཚོགས་དབུལ་པོའི་རིགས། རང་བྱུང་གྲོང་ཚོ་དང་ཡང་ན་ཚོགས་པ(སྡེ་ཁུལ)ཚན་པར་བརྩིས་ནས་ཚང་མ་གནས་སྤོ་བྱེད་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། རི་མཐོན་པོ་དང་། གྲོག་རོང་། ཆུ་ལོག་དང་ཞོད་སྐྱོན་ཆེ་ས། ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཡོད་ས་བཅས་སུ་ཁ་ཐོར་དུ་གནས་པའི་མང་ཚོགས་དབུལ་པོ་སྟེ། ཚང་མ་གནས་སྤོ་བྱེད་བདེ་པོ་མེད་རིགས་ལ་ཁག་ཅིག་གནས་སྤོ་བྱེད་པའི་བྱེད་སྟངས་སྤྱོད་རྒྱུ་ཡིན་པ་རེད།
         བཀོད་སྒྲིག་བྱེད་སྟངས་ཐད་གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པ་གཉིས་ཟུང་འབྲེལ་བྱེད་པའི་བྱེད་སྟངས་སྤྱོད་རྒྱུ་སྟེ། གཅིག་སྡུད་བཀོད་སྒྲིག་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་དང་། བཟོ་ལས་གླིང་ཁུལ། གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཆུ་བེད་གཏོང་འདྲེན་ཁུལ། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ། གྲོང་གསེབ་གསར་པ་འཛུགས་སྐྲུན། ས་ཡོམ་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་ལ་བརྟེན་ནས་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་དང་ས་གནས་དེ་གའི་མང་ཚོགས་ཀྱི་དང་ལེན་བསམ་འཆར་ལ་བསམ་གཞིག་གང་ལེགས་གཏོང་དགོས། མི་ཁྲི་17.27གཅིག་སྡུད་བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་དག་བཀོད་སྒྲིག་ཁུལ་2281དང་འབྲེལ་ཅིང་། དེ་དག་གིས་གནས་སྤོའི་མི་འབོར་ཡོངས་ཀྱི་65.66%ཟིན་པ་དང་། ཁ་ཐོར་བཀོད་སྒྲིག་ཁྲོད་ཁ་གསབ་བཀོད་སྒྲིག་དང་གཉེན་གྲོགས་ཀྱི་སར་བཀོད་སྒྲིག་བྱེད་པ་སོགས་ཚུད་ཡོད། མི་ཁྲི་9.04ཁ་ཐོར་བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་དག་གིས་གནས་སྤོའི་མི་འབོར་ཡོངས་ཀྱི་34.34%ཟིན་ཡོད་པ་རེད།
         འཛུགས་སྐྲུན་བྱེད་སྟངས་གཙོ་བོ་རང་སོ་སོས་ཁང་པ་རྒྱག་པ་དང་། གཅིག་གྱུར་ཐོག་ཁང་པ་རྒྱག་པ་གཉིས་ཡོད། རང་སོ་སོས་ཁང་པ་རྒྱག་པ་ཞེས་པ་ནི། སྲིད་གཞུང་གིས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་སྒྲིག་བཀོད་ལྷན་སྦྱར་བྱེད་པའི་ཐད་གཅིག་གྱུར་འཆར་འགོད་བྱེད་པ་དང་ཆབས་ཅིག་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་བླང་བྱ་ལྟར་དབུལ་སྐྱོར་གནས་སྤོ་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་གཞི་ཁྱོན་དང་། ཚད་གཞི། རིགས་སོགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། དེའི་རྨང་གཞིའི་ཐོག་གནས་སྤོས་མང་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་ལྟར་རང་སོ་སོས་ཁང་པ་རྒྱག་པ་ལ་ཟེར། རང་སོ་སོས་འཛུགས་སྐྲུན་བྱེད་པའི་ཆ་རྐྱེན་མི་འཛོམས་པའི་ས་ཁུལ་དུ། སྲིད་གཞུང་གིས་གཅིག་གྱུར་ཁང་པ་རྒྱག་རྒྱུའི་སྒྲིག་འཛུགས་བྱེད་ཆོག ཡིན་ན་ཡང་ཁང་པ་རྒྱག་སྐབས་དེའི་ཚད་གཞི་དང་དབྱིབས་སོགས་ཐད་གནས་སྤོས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་ཏེ་ཁོང་ཚོའི་འདོད་མོས་བརྩི་འཇོག་བྱེད་དགོས། དེ་དང་ཆབས་ཅིག་རྣམ་གྲངས་མ་དངུལ་དང་། ཁ་གསབ་ཚད་གཞི། ལས་གྲྭ་འཆར་འགོད། སྤུས་ཚད་བླང་བྱ། རྩིས་ལེན་ཚད་གཞི་སོགས་ཀྱང་ཡོངས་བསྒྲགས་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།