འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།རྒྱ་གར་གྱི་དགོན་པ་ཞིག་ལ་མེ་སྐྱོན་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་110ལ་
    འཕར་ཞིང་ཙུང་ལི་མོ་ཏེ་ཡིས་མེ་སྐྱོན་བྱུང་ས་དངོས་ལ་གཟིགས་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཟླ་4ཚེས་10ཉིན་མྱུར་སྐྱོབ་མི་སྣས་མེ་སྐྱོན་བྱུང་ཡུལ་དུ་ཉེན་ཡོད་མི་སྣ་འཚོལ་ཞིབ་བྱེད་པ།
    ཟླ་4ཚེས་10ཉིན་མྱུར་སྐྱོབ་མི་སྣས་མེ་སྐྱོན་བྱུང་ཡུལ་དུ་ཉེན་ཡོད་མི་སྣ་འཚོལ་ཞིབ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་རྒྱ་གར་གྱི་དཔོན་པོ་ཞིག་གིས་ཁཱ་ལ་ལ་མངའ་སྡེ་ཡི་ཁོ་ལ་མུའུ་ས་ཁུལ་གྱི་རྒྱ་གར་ཆོས་ལུགས་ཀྱི་དགོན་པ་ཞིག་ལ་ཉིན་དེའི་ཞོགས་པར་མེ་སྐྱོན་ཤོར་ནས་ཉུང་མཐའ་ཡང་མི་110ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་390ལྷག་ལ་རྨས་སྐྱོན་ཐེབས་པ་རེད་ཅེས་བརྗོད་པ་རེད། རྒྱ་གར་གྱི་ཙུང་ལི་མུའུ་ཏེ་ཉིན་དེའི་ཕྱི་དྲོར་མེ་སྐྱོན་ཤོར་ཡུལ་གྱི་དགོན་པར་ཕེབས་ཏེ་གཟིགས་ཞིབ་གནང་བ་དང་འབྲེལ་ཡུལ་དངོས་སུ་མྱུར་སྐྱོབ་ལས་ཀར་བཀོད་འདོམས་ཀྱང་གནང་བ་རེད།
         ཙུང་ལི་མུའུ་ཏེ་ཡིས་མེ་སྐྱོན་ཤོར་ཡུལ་དངོས་སུ་གཟིགས་ཞིབ་གནང་རྗེས། སྨན་ཁང་དུ་ཕྱིན་ཏེ་དོན་རྐྱེན་ཁྲོད་ཀྱི་རྨས་སྐྱོན་ཕོག་མཁན་མང་ཚོགས་ལ་འཚམས་གཟིགས་གནང་བ་དང་། ཙུང་ལི་ཡིས་དམག་དཔུང་དང་སྲིད་གཞུང་གི་སྡེ་ཁག་ཁག་གིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་ལས་དོན་སྤེལ་ཏེ་གར་སོང་ཆ་མེད་གྱུར་པའི་མི་སྣ་འཚོལ་དགོས་པ་མ་ཟད། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་ཚོར་འཆི་གོད་གྱོང་གསབ་རོགས་དངུལ་ཤོག་སྒོར་རུ་པི་(རྒྱ་གར་སྒོར་མོ)ཁྲི་20(ཨ་སྒོར་2900ཙམ་ཟིན་པ)རེ་སྤྲོད་དགོས་པའི་ཁྱབ་བསྒྲགས་ཡང་གནང་བ་རེད།
         རྒྱ་གར་གྱི་དཔོན་པོ་ཞིག་གིས་མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ནི་མི་110རུ་འཕར་བ་དང་། མི་390ལ་རྨས་སྐྱོན་ཕོག་ཡོད་ཅིང་། དེའི་ནང་མི་མང་པོ་ཞིག་ལ་རྨས་སྐྱོན་ལྗིད་མོ་ཕོག་པ་རེད། མེ་སྐྱོན་ཤོར་ཡུལ་གྱི་གཙང་སེལ་ལས་དོན་སྔར་བཞིན་བྲེལ་འཚུབ་ངང་སྒྲུབ་བཞིན་ཡོད་པ་དང་། མི་ཁ་ཤས་ནི་ད་དུང་དགོན་པ་དང་དེའི་ཉེ་འཁོར་རྡིབ་པའི་རྩིག་རོའི་འོག་ཏུ་མནན་ཡོད་པས། རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་ད་དུང་མང་དུ་འཕར་རྒྱུ་རེད་ཅེས་བརྗོད་པ་རེད།
         རྒྱ་གར་གྱི་དམག་དཔུང་གིས་ཐད་འཕུར་གནམ་གྲུ་དང་དམག་གྲུ་བཏང་ནས་མྱུར་སྐྱོབ་ལ་ཞུགས་པ་དང་། ས་གནས་ཁག་གི་སྨན་ཁང་གིས་སྨན་པ་དང་ནད་གཡོག་མི་སྣ་མེ་སྐྱོན་ཤོར་ཁུལ་དུ་སྨན་བཅོས་བྱེད་པར་མངགས་པ་དང་། ས་གནས་ཁ་ཤས་ཀྱི་སྨན་ཁང་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་འོས་འགན་ཁྲག་འབུལ་བྱེད་བཞིན་ཡོད་པ་རེད།
         ཉེན་རྟོག་ཕྱོགས་ཀྱིས་ཀྱང་དོན་རྐྱེན་གྱི་འབྱུང་རྐྱེན་བརྟག་དཔྱད་ལས་དོན་སྤེལ་བ་མ་ཟད། ཐོག་མའི་དཔྱད་འབྲས་ལྟར་ན། བྱ་ངན་སྒྲིག་འཛུགས་བྱེད་མཁན་གྱིས་ཁྲིམས་འགལ་གྱི་འབར་གས་དངོས་རྫས་དགོན་པའི་ནང་དུ་དྲངས་པའི་ངོས་འཛིན་ཐོག་མར་བྱུང་བ་རེད། མིག་སྔར་དོགས་གཞི་ཡོད་པའི་མི་5ཉེན་རྟོག་པས་བཀག་སྡོམ་བྱས་ཡོད་པ་དང་། དེའི་ནང་གི་མི་2ལའང་འཚིག་རྨས་ལྗིད་མོ་ཕོག་ཡོད་པས། སྨན་ཁང་ནང་མྱུར་སྐྱོབ་དང་ལེན་བྱེད་བཞིན་ཡོད་པ་རེད།
         ཤི་རྨས་ཚབས་ཆེན་བྱུང་བའི་དོན་རྐྱེན་འདི་ནི་ཉིན་དེའི་ཞོགས་པའི་ཆུ་ཚོད་3གྱི་ཡས་མས་སུ་བྱུང་བ་དང་། སྐབས་དེར་ཕུའུ་ཏིང་ཅར་ལྷ་མོ་དགོན་ཟེར་བའི་དགོན་པར་ལོ་རེར་ཐེངས་རེའི་ཤོག་སྦག་ཚོན་ཁྲ་ཅན་གཏོང་བའི་འགྲན་བསྡུར་ལ་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】
    མེ་སྐྱོན་བྱུང་ཡུལ་ནས་པར་དུ་བླངས་པའི་ཤོག་སྦག་ཚོན་ཁྲ་ཅན།
    མེ་སྐྱོན་བྱུང་ཡུལ་ནས་པར་དུ་བླངས་པའི་ཤོག་སྦག་ཚོན་ཁྲ་ཅན།
      

    ཕྱོགས་བསྡུས་གསར་འགྱུར།