འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། 2015ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་མི་གྲངས་ཁྲི་278ཟིན་པ་དེ་2010ལོའི་ལྡབ་1.6ཡིན་པ་རེད།
         འདས་ཟིན་པའི་ལོ་ལྔའི་ནང་། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་འགན་སྲུང་བདེ་འཇགས་དྲ་བ་བརྟན་པོ་བཙུགས་པ་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སྒྱུར་བཅོས་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ནས་འགན་བཅོལ་ནང་ཞུགས་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཅིག་གྱུར་ཐོག་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་ལུགས་མཐུན་འཁོར་རྒྱུག་གི་འགོག་རྐྱེན་ནུས་ལྡན་ངང་བསལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་གཞི་ལྕི་རིགས་ཀྱི་འགན་བཅོལ་སྲིད་ཇུས་གསར་པ་འཐུས་སྒོ་ཚང་དུ་བཏང་ནས་འགན་བཅོལ་ནང་ཞུགས་མཁན་གྱི་དཔལ་འབྱོར་ཁུར་པོ་ཡང་དུ་བཏང་ཡོད། ལས་ཤོར་འགན་བཅོལ་གྱི་འགྲོ་གྲོན་བསྡུ་ཚད་ལེགས་སྒྲིག་བྱས་ནས་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་རྣམས་ཆ་རྐྱེན་དང་འཚམ་པའི་ཁེ་ལས་ཀྱི་ལས་གནས་བརྟན་དུ་གཏོང་རྒྱུར་སྤྱད་པས་ལས་ཤོར་འགན་བཅོལ་དངུལ་གྱིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་ལས་གནས་བརྟན་དུ་གཏོང་བའི་ནུས་པ་ཐོན་ཡོད་པ་རེད།
         གཞན་ཡང་བོད་ཀྱི་སྤྱི་ཚོགས་འགན་སྲུང་ཐོབ་ཐང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”ལོ་མཇུག་དང་བསྡུར་ན་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ལས་བཟོ་མི་རེའི་ཟླ་རེའི་ཆ་སྙོམས་རྒན་གསོའི་དངུལ་སྒོར་2209ནས་སྒོར་3678བར་སྤར་བས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་1408འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་སྒོར་55ནས་སྒོར་140བར་སྤར་བས་དབུས་ནུབ་ས་ཁུལ་གྱི་སྔོན་ཐོན་ཆུ་ཚད་ཐོག་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ལོའི་ཚད་གཞི་སྒོར་380ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་ལོའི་གཏོང་སྤྲོད་མཐོ་ཤོས་ཚད་གཞི་སྒོར་ཁྲི་30དང་ཁྲི་20ཟིན་པ་དེ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ནད་སྡོད་འགྲོ་སོང་གཏོང་སྤྲོད་བསྡུར་གྲངས་97%དང་75%ཡན་སོ་སོར་ཟིན་ཡོད་པ་རེད།
          2020ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་མི་གྲངས་ཁྲི་300ལྷག་ཙམ་ཟིན་རྒྱུ་དང་འགན་བཅོལ་སྣ་ཚོགས་ནང་ཞུགས་ཚད་95%ཡན་བརྟན་པོ་ཟིན་ནས་སྤྱིར་ན་འགན་སྲུང་བྱེད་དགོས་རིགས་ལ་འགན་སྲུང་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།