འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནེ་པ་ལའི་གློག་དྲ་2020ལོར་དྲ་སྦྲེལ་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། 2020ལོར་ཀྲུང་གོ་དང་ནེ་པ་ལའི་གློག་དྲ་དྲ་སྦྲེལ་ཐུབ་པ་བྱ་རྒྱུ་རེད། དེ་ནི་གེགས་རྗེས་བསྐྱར་སྐྲུན་བྱེད་བཞིན་པའི་ནེ་པ་ལར་སྙིང་སྨན་སྦྱིན་པ་དང་མཚུངས་པར་ནེ་པ་ལའི“གློག་དཀོན་པའི”དཀའ་གནད་སེལ་རྒྱུ་ཡིན་པ་རེད།
         ནེ་པ་ལའི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན་པས་གློག་ཤུགས་མི་འདང་བའི་གནད་དོན་ཚབས་ཆེན་ཐོན་གྱི་ཡོད། རྒྱལ་ས་ཀ་ཏ་མན་རྡུར་ཡང་ས་ཁོངས་ཕྱེ་ནས་ཉིན་ལྟར་རེས་མོས་ངང་གློག་གཏོང་མཚམས་འཇོག་དགོས་ཀྱི་ཡོད་པ་དང་དེ་སྔོན་ཆུ་ཚོད་14གློག་གཏོང་མཚམས་འཇོག་པའི་བྱ་ཐབས་སྤྱོད་མྱོང་ཡོད་པ་དེས་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་འཕོག་གི་ཡོད་ལ་ཁེ་ལས་ཀྱིས་ཀྱང་གཉེར་སྐྱོང་བྱེད་ཉུང་དུ་གཏོང་དགོས་བྱུང་བའི་ཁར་ཚོང་ཁང་མང་པོ་ཞིག་ས་སྲོས་གོང་སྒོ་མི་རྒྱག་ཀ་མེད་བྱུང་ཡོད། ནེ་པ་ལར་མངོན་མེད་ཀྱི་ཆུ་ཤུགས་གློག་གཏོང་ནུས་ཀྲའོ་ཝཱ་42000ཙམ་ཡོད་པར་གྲགས། འོན་ཏེ་མིག་སྔར་གློག་ཀྲའོ་ཝཱ་800ལས་བཏང་ཐུབ་ཀྱི་མེད་པས་རྒྱལ་ཁབ་དེར་མཁོ་བའི་ཀྲའོ་ཝཱ་1400ལས་ཧ་ཅང་གིས་དམའ་བ་ཡོད་པ་རེད།
         འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མ་འོངས་པའི་ལོ་ལྔའི་ནང་བོད་ལྗོངས་གློག་དྲ་དེ་ཉིད་ཨེ་ཤེ་ཡ་ལྷོ་མའི་གློག་དྲ་དང་སྦྲེལ་མཐུད་ཐུབ་པའི་གནད་འགག་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། བོད་ལྗོངས་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཀྲུང་གོ་དང་ནེ་པ་ལའི་གློག་ཤུགས་དྲ་སྦྲེལ་ཡང་ལག་ལེན་བསྟར་ཐུབ་རྒྱུ་རེད། མིག་སྔར། བོད་ལྗོངས་གློག་དྲ་རྒྱལ་ཡོངས་དང་དྲ་སྦྲེལ་ཐུབ་ནས་ན་ནིང་ཟླ་6པར་ད་དུང“བོད་གློག་ཕྱིར་གཏོང”ཐེངས་དང་པོ་ཐུབ་སྟེ་བོད་ཀྱི་གློག་ཤུགས་ལྷག་མ་མཚོ་བོད་དྲ་སྦྲེལ་ལས་གྲྭ་བརྒྱུད་མཚོ་སྔོན་དུ་བཏང་ཡོད་པ་རེད། ཀྲུང་གོའི་བོད་ལྗོངས་དེ་ཉིད་འབར་མ་དང་། རྒྱ་གར། འབྲུག་ཡུལ། ནེ་པ་ལ་སོགས་ཀྱི་རྒྱལ་ཁབ་དང་ས་འབྲེལ་ཡིན་པས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཕྱོགས་ཀྱིས་སླད་ཕྱིན་གྱི་ལོ་ལྔའི་ནང་སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”ལ་དམིགས་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་སྐྲུན་མགྱོགས་སུ་གཏོང་རྒྱུར་དམིགས་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།
         1956ལོ་ནས་ད་བར། ཀྲུང་གོས་ནེ་པ་ལར་རིགས་ཁག་གི་རོགས་སྐྱོར་རྣམ་གྲངས་ཁྱོན་110ལྷག་ཙམ་ལག་བསྟར་བྱས་པ་དེའི་ནང་སྨན་ཁང་དང་། ཕྱོགས་བསྡུས་ལག་རྩལ་སློབ་གྲྭ རང་བྱུང་སྲུང་སྐྱོང་ཐེབས་རྩའི་ཞིབ་འཇུག་ལྷན་ཚོགས་ལྟེ་གནས། སྲོལ་རྒྱུན་གྱི་སྨན་བཅོས་ཞིབ་འཇུག་ལྟེ་གནས་སོགས་ཚུད་ཡོད་པ་རེད། ལུའུ་ཐུའོ་གསར་འགྱུར་ཁང་གིས་ནེ་པ་ལའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་ཀྲུང་གོས་2015ལོ་ནས་2016ལོར་ནེ་པ་ལའི་གཞུང་ཕྱོགས་ལ་རོགས་སྐྱོར་བྱེད་ཚད་ལྡབ་4མཐོ་རུ་བཏང་བར་ཨ་སྒོར་དུང་ཕྱུར་1.28ཟིན་པ་དེས་ནེ་པ་ལར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་གཏོང་རོགས་བྱས་ཡོད་ཅེས་བཤད་པ་རེད།
         ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60ལྷག་ཙམ་སོང་བ་དང་ཕྱོགས་གཉིས་པོ་ནི་སྔ་བར་ཕྱི་གསུམ་དུ་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་ཡག་པོ་ཞིག་རེད། ཀྲུང་གོས་ནེ་པ་ལར་དཀའ་ངལ་འཕྲད་པའི་སྐབས་སུ་རོགས་རམ་བྱས་པ་དང་ཀྲུང་གོས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་ཆེད་ནེ་པ་ལས་འདི་ལོའི་ལོ་འགོར་ནེ་པ་ལར་ཡུལ་སྐོར་ཡོང་མཁན་གྱི་ཀྲུང་གོའི་སྤྱི་དམངས་ལ་རིན་མེད་ཐོངས་མཆན་བཀོད་པ་དེ་ཐོག་ནས་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་ཀྱི་འབྲེལ་བ་གང་ལེགས་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།