འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མེ་ཀུང་གཙང་པོའི་འཕྲལ་སྡོམ་ཆུ་ཝེ་ཐེ་ནམ་དུ་འབྱོར་བར་ཝེ་ཐེ་ནམ་གྱི་ལས་
    རིགས་ཁག་གི་བསྔགས་བརྗོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཝེ་ཐེ་ནམ་ཕྱོགས་ཀྱི་རེ་ཞུ་དང་གཙང་པོའི་བབས་རྒྱུད་རྒྱལ་ཁབ་ལ་ལྟ་རྟོག་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་རང་ངོས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ཀྲུང་གོའི་མངའ་ཁོངས་ཀྱི་ཅིང་ཧུང་ཆུ་ཤུགས་གློག་ཁང་བརྒྱུད་ནས་མེ་ཀུང་གཙང་པོའི་སྨད་རྒྱུད་ལ་འཕྲལ་སྡོམ་ཆུ་བཏང་ཡོད། བྱེད་སྟངས་དེས་ཝེ་ཐེ་ནམ་དང་། ལོ་སི། འབར་མ། ཐེ་ལན། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་མང་པོར་ཕན་པ་ཐོབ་ཡོད། ཉིན་ཤས་གོང་ཀྲུང་གོ་ཕྱོགས་ཀྱི་འཕྲལ་སྡོམ་ཆུ་བདེ་བླག་ངང་ཝེ་ཐེ་ནམ་དུ་འབྱོར་བས་ཝེ་ཐེ་ནམ་གྱི་ལས་རིགས་ཁག་གི་བསྔགས་བརྗོད་ཐོབ་ཡོད།
          2015ལོའི་ལོ་མཇུག་ནས་བཟུང་ཨེར་ཉི་ནོ་ཡི་ཤུགས་རྐྱེན་ཆེན་པོ་ཕོག་སྟབས་རྫ་ཆུ་ནས་མེ་ཀུང་གཙང་པོའི་བབས་རྒྱུད་ཀྱི་རྒྱལ་ཁབ་ཁག་ལ་ཚད་གཞི་མི་འདྲ་བའི་ཐན་སྐྱོན་ཐོན་ཡོད། ཉེ་ཆར་ཐན་སྐྱོན་དང་མཚོ་ཁ་རྒྱས་ཚུལ་སྔར་བས་ཚབས་ཆེ་རུ་ཕྱིན་ནས་འབྲེལ་ཡོད་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། ཝེ་ཐེ་ནམ་གྱི་སྨྱན་སྦྱོར་གྱིས་ཝེ་ཐེ་ནམ་ལྷོ་རྒྱུད་ཀྱི་མེ་ཀུང་གཙང་པོའི་ཟུར་གསུམ་གླིང་དུ་ལོ་བརྒྱའི་ནང་ཐོན་མ་མྱོང་བའི་ཐན་སྐྱོན་ཚབས་ཆེན་ཐོན་ཡོད་ཅེས་བཤད་ཡོད།
         ཚེས་5ཉིན་ཞིང་ཆེན་དེའི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐིང་ཆུ་འདྲེན་ཁྲུའི་ཁྲུའུ་ཀྲང་ལི་ཝུན་ཞུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“མེ་ཀུང་གཙང་པོའི་ཆུ་ཁ་དངོས་སུ་མཐོ་རུ་ཕྱིན་འདུག”ཅེས་བཤད། ཐུང་ཐ་ཞིང་ཆེན་དེ་ཝེ་ཐེ་ནམ་དུ་ཆུ་འབྱོར་བའི་ཞིང་ཆེན་དང་པོ་དེ་ཡིན།
         ཐུང་ཐ་ཞིང་ཆེན་ལྟ་བུའི་ཝེ་ཐེ་ནམ་མེ་ཀུང་གཙང་པོའི་སྟོད་རྒྱུད་དུ་ཡོད་པའི་ཨན་ཅང་ཞིང་ཆེན་དུ་མི་རྣམས་ཆུ་འབྲས་འདེབས་གྲབས་བྱེད་བཞིན་ཡོད། ཞིང་ཆེན་དེའི་ཆུ་དཔྱད་གནམ་གཤིས་ལས་ཁུངས་ཀྱི་ཐའེ་ཀྲང་ལིའུ་ཝུན་ཉིང་གིས་ཀྲུང་གོས་མེ་ཀུང་གཙང་པོར་བཏང་བའི་ཆུའི་ཚད་གཞིར་འགྱུར་ལྡོག་མ་བྱུང་ཚེ་ཞིང་ཆུ་འདྲེན་རྒྱུར་མཁོ་བའི་ཆུ་འགན་ལེན་ཐུབ་པ་མ་ཟད། ད་དུང་གཙང་ཆུའི་ཚྭ་འདུས་ཚད་ཉུང་དུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བཤད།
         ཚེས་5ཉིན་ཝེ་ཐེ་ནམ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་དང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ཧོང་ཝུན་ཧྲེང་གིས་གསར་འགོད་པར་ཝེ་ཐེ་ནམ་གྱི་མེ་ཀུང་གཙང་པོའི་ཟུར་གསུམ་གླིང་གི་ས་ཆ་མང་པོས་སྟོད་རྒྱུད་ནས་ཆུ་ལེན་གྱི་ཡོད། ཉིན་ཤས་སོང་རྗེས་ཆུ་བྲི་དུས་སྟོད་རྒྱུད་ཀྱི་ཆུའི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད་ཅེས་བཤད་བྱུང་།
         “ཝེ་ཐེ་ནམ་གྱི་མྱུར་འཕྲིན”དྲ་ཚིགས་ཐོག་མེ་ཀུང་གཙང་པོའི་ཝེ་ཐེ་ནམ་རྒྱུད་ཀྱི་ཆུ་ཁ་མཐོ་རུ་ཕྱིན་པའི་ཆ་འཕྲིན་བཀོད་རྗེས་ཝེ་ཐེ་ནམ་གྱི་དྲ་གྲོགས་མི་ཉུང་བས“དེ་རིང་གཏམ་བཟང་ཐོས་བྱུང་། ཆུ་འབྱོར་འདུག”“དེ་འདྲའི་དགའ་བ་ལའང”“ང་ནི་ཧྲོ་ཀྲང་ཞིང་ཆེན་གྱི་ཞིང་པ་ཡིན། གཏམ་བཟང་ཐོས་མ་ཐག་དགའ་ཚོར་ཆེན་པོ་བྱུང”ཞེས་པ་སོགས་ཀྱི་དཔྱད་གཏམ་སྤེལ་ཡོད། གསར་འགྱུར་དཔྱད་གཏམ་དང་གྲོས་བསྡུར་དེ་རིགས་ཉིན་ཤས་བསྟུད་མའི་རིང་ཝེ་ཐེ་ནམ་དྲ་བའི་ཐོག་རྟག་ཏུ་མཐོང་རྒྱུ་ཡོད།
         ཝེ་ཐེ་ནམ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་པུའུ་ཆུའི་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རོན་ཝུན་ཧྲེང་གིས་ཝེ་ཐེ་ནམ་གྱི་སྨྱན་སྦྱོར་ལ་ཝེ་ཐེ་ནམ་ཞིང་ལས་སྡེ་ཚན་གྱིས་ས་གནས་སྲིད་གཞུང་ལ་ཆུ་གྲོན་ཆུང་བྱེད་དགོས་པ་དང་ཆུ་འདྲེན་ཐབས་བྱེད་དགོས་པའི་རེ་བ་བཏོན་ཡོད། ཆུ་དེ་ས་གནས་དེ་གའི་གྲོང་མིའི་རྒྱུན་གཏན་འཚོ་བའི་སྤྱོད་ཆུ་དང་། ཁྱིམ་ཕྱུགས་ཀྱི་འཐུང་ཆུ། དཔལ་འབྱོར་གྱི་རིན་ཐང་མཐོ་བའི་ཤིང་རིགས་དང་ཤིང་འབྲས་སྡོང་པོར་ཆུ་གཏོང་བ་བཅས་ཀྱི་གོ་རིམ་ལྟར་སྤྱད་རྗེས་གཞི་ནས་ལོ་ཏོག་ལ་ལུགས་མཐུན་ངང་ཆུ་འདྲེན་རྒྱུ་རེད་ཅེས་བཤད་ཡོད།
         ཀྲུང་གོས་མེ་ཀུང་གཙང་པོའི་སྨད་རྒྱུད་ལ་འཕྲལ་སྡོམ་ཆུ་བཏང་བ་དེར་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཧྥན་ཕིང་མིང་གི་བསྔགས་བརྗོད་ཐོབ་ཡོད། ཉེ་ཆར་ཧྥན་ཕིང་མིང་གིས་ཝེ་ཐེ་ནམ་འཕྲིན་སྤེལ་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད། “རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དེ་གཙང་པོ་བབས་རྒྱུད་རྒྱལ་ཁབ་ཚང་མར་ལམ་སྲོལ་གསར་པ་ཞིག་གཏོད་དེ་རྒྱལ་ཁབ་ཁག་མཉམ་འབྲེལ་མཉམ་མཐུད་དང་། ཐོན་ནུས། རྒྱལ་སྒྲོལ་དཔལ་འབྱོར། ཆུའི་ཐོན་ཁུངས། ཞིང་ལས་དབུལ་སེལ་སོགས་སྔོན་སྒྲུབ་ཁྱབ་ཁོངས་ཁག་ལྔའི་ནང་མཉམ་ལས་བྱེད་ཐུབ་ཡོད”ཅེས་བཤད་པ་རེད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཅན་ཧྭ་དང་ཡན་ཅན་ཧྭ་ཡིས།༽
      

    ཕྱོགས་བསྡུས་གསར་འགྱུར།